དབུ་ཤོག>བོད་ཀྱི་རིག་གནས།>ལོ་རྒྱུས།
  • ས་སྐྱ་དགོན་གྱི་ཆོས་རྒྱལ་འཕགས་པའི་རྩ་ཆེན་ཞལ་ཐང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-14

    འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཚན་གཞན་ལ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ཞེས་ཞུ་བ་དང་ས་སྐྱ་གོང་མ་རྣམ་ལྔའི་གྲས་ཤིག་ཡིན་པ་དང་། སྤྱི་ལོ་1245ལོར་ས་སྐྱ་པཎ་ཆེན་དང་མཉམ་དུ་ལེང་ཀྲོའུ་རུ་ཕེབས་ནས་སོག་པོའི་རྒྱལ་པོ་གོ་དན་དང་མཉམ་དུ་བོད་འདི་ཉིད་སོག་པོའི་མངའ་ཞབས་སུ་ཞུགས་རྒྱུའི་གྲོས་མོལ་གནང་བ་རེད། སྤྱི་ལོ་1260ལོར་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་དབུ་བླར་བསྟེན་ནས་གཡང་ཊིའི་ཐང་ག་བསྩལ་བ་དང་། 1268ལོར་འགྲོ་མགོན་འཕགས་པས་སོག་ཡིག་གསར་རྩོམ་གནང་བ་དང་1280ལོར་སླར་ཡང་གོང་མའི་དབུ་བླའི་ཆོ་ལོ་གནང་བ་རེད། འགྲོ་མགོན་འཕགས་པས་སྐུ་ཚེ་གང་པོའི་རིང་ཡོན་རྒྱལ་རབས་ཀྱི་སེ་ཆེན་རྒྱལ་པོར་གཞོགས་འདེགས་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་གཞོལ་ནས་ཆོས་སྲིད་ཟུང་འབྲེལ་གྱི་ས་སྐྱའི་ས་གནས་སྲིད་དབང་བཙུགས་པ་དང་འབྲེལ་བོད་བརྒྱུད་ནང་བསྟན་མེས་རྒྱལ་ནང་སར་ཐེངས་དང་པོ་བརྒྱུད་སྤེལ་བྱས་ཏེ་བོད་བརྒྱུད་ནང་བསྟན་དར་རྒྱས་དང་བོད་ས་གནས་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དུས་བབ་བརྟན་ལྷིང་དང་། བོད་ས་གནས་དང་མེས་རྒྱལ་ནང་སའི་དབར་རིག་གནས་སྤེལ་རེས་ཐད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད་ལ་ཁོང་རང་ཉིད་ཀྱང་དེའི་དབང་གིས་ཡོན་རྒྱལ་རབས་གོང་མ་ཚང་གི་བརྩི་འཇོག་ཆེན་པོ་ཐོབ་ནས་ཆབ་སྲིད་དང་ཆོས་ལུགས་ཀྱི་གོ་གནས་མཐོ་པོ་ཐོབ་ཡོད་པ་རེད།

    ཐང་ག་དེའི་དཀྱིལ་དབུས་ནི་འགྲོ་མགོན་འཕགས་པའི་སྐུ་བརྙན་ཡིན་པ་དང་། ཁོང་དབུ་སྐྲ་ནག་ལ་དབུ་རིལ་ཡིན་པ་དང་། མིག་སྤུ་ཕྲ་ལ་སྤྱན་ཆེ་བ། ཞལ་མཆུ་དམར་མདངས་རྒྱས་པ། རྣམ་པ་བརྗིད་ཉམས་ལྡན་པ་ཞིག་ཡོད། ཐང་ག་དེའི་ཐོག་འགྲོ་མགོན་འཕགས་པས་ཆོས་གོས་རྣམ་གསུམ་བཞེས་པ་དང་། ཕྱག་གཡས་པས་ཆོས་འཁོར་ཕྱག་རྒྱ་མཛད་ཅིང་ཕྱག་གཡོན་མས་མཉམ་བཞག་ཕྱག་རྒྱ་མཛད་ནས་པདྨའི་ཁྲིར་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཡོད། ཐང་ག་དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་བཞེངས་སྟངས་ཐད་དོ་སྣང་ཆེན་པོ་བྱས་ཡོད་པས་ཆབ་སྲིད་ཀྱི་མཚོན་རྟགས་ཅུང་མཐོ་པོ་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད་སྟབས་བལ་བྲིས་ཀྱི་ཐང་ག་རྩ་ཆེན་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།