སྒྲུང་པ་ཆུང་ཆུང་འཇིགས་མེད་རྡོ་རྗེ།
ཉེ་ཆར། རྣམ་གླིང་རྫོང་སློབ་འབྲིང་གཉིས་པའི་སློབ་མ་ཞིག་གིས་གླིང་སྒྲུང་ལྷང་ལྷང་དུ་བཤད་པའི་བཪྙན་ཞིག་དྲ་ཐོག་ཏུ་ཁྱབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དྲ་ཐོག་ནས་ཁྱབ་པའི་བརྙན་དེ་ནི་གཞིས་རྩེ་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱིས་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་དང་མཉམ་འབྲེལ་བྱས་ནས་ཟླ9ཚེས20ཉིན་རྣམ་གླིང་རྫོང་བསམ་གྲུབ་རྩེའི་ཁུལ་དུ་མངོན་མིན་རིག་གནས་ཤུལ་བཞག་ལ་ཡོངས་བཤེར་བྱེད་པའི་ལས་དོན་ཟབ་སྤེལ་བྱེད་སྐབས་བླངས་པའི་བརྙན་ཞིག་རེད།
གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་དོན། བརྙན་དེའི་ནང་གི་སློབ་མའི་མིང་ལ་འཇིགས་མེད་རྡོ་རྗེ་ཟེར་བ་དང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ལྷ་བུ་ཕུ་ཤང་གདོང་ཉ་གྲོང་ཚོ་ནས་ཡིན་ཞིང་། ད་ལོ་ལོ16ཡིན་པ་དང་། སློབ་འབྲིང་ལོ་རིམ་གཉིས་པར་འགྲིམས་བཞིན་ཡོད།
འཇིགས་མེད་རྡོ་རྗེ་ལོ7སྐབས་སུ་ནག་ཆུའི་སྒྲུང་པ་ཞིག་གིས་སྒྲུང་བཤད་པར་མཐོང་ནས་བག་ཆགས་ཟབ་མོ་བཞག་པས། དེ་ནས་བཟུང་སྒྲུང་ལ་དགའ་ཞེན་ཆགས་ཏེ་སྒྲུང་པ་ཞིག་བྱ་རྒྱུའི་འདུན་པ་སྐྱེས།
འཇིགས་མེད་རྡོ་རྗེས་རྒྱང་བསྒྲགས་དང་བརྙན་འཕྲིན་ནས་སྒྲུང་ལ་ཉན་པ་དང་བལྟས་ཤིང་། དུས་རྒྱུན་དུ་སྦྱོང་བརྡར་ཡང་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས(མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས)ཀྱི་ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟ་འཇིགས་མེད་རྡོ་རྗེ་ཡིས«འཇང་གླིང་གཡུལ་འགྱེད» «སྟག་གཟིག་ནོར་རྫོང» «ཧོར་གླིང་གཡུལ་འགྱེད» «མོན་གླིང་གཡུལ་འགྱེད»སོགས་བཤད་ཐུབ།
2009ལོར«གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང»ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་ཐོར་བཀོད། དེ་དང«ཧོ་མའི་ལོ་རྒྱུས་སྙན་ངག» «ཅིར་ཀ་མེ་ཧྲི་ལོ་རྒྱུས་སྙན་ངག»གསུམ་ལ་འཛམ་གླིང་ཡོངས་ཀྱི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ་ཞེས་བརྗོད་པ་རེད།