ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཧོ་ལན་ལ་སྤེལ་རེས་འཚམས་འདྲི་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧའེ་ཡ་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཧོ་ལན་ལ་སྤེལ་རེས་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། ཧོ་ལན་གྱི་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་དང་། ཧོ་ལན་གྱི་སྨྱན་སྦྱོར། མཁས་དབང་། ས་གནས་འདི་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་དང་བོད་ཀྱི་དམངས་འཚོ་དང་། རིག་གནས། ལོ་རྒྱུས། སློབ་གསོ། གསོ་བ་རིག་པ་སོགས་ཀྱི་གནད་དོན་ལ་སྤེལ་རེས་རྒྱ་ཁྱབ་བྱས་པ་རེད།
འཚམས་འདྲི་བྱེད་རིང་། སྤེལ་རེས་ཚོགས་པ་དང་བཅས་པས་ཧོ་ལན་ལ་བོད་ཀྱི་འཕེལ་རྒྱས་གནས་ཚུལ་གསར་ཤོས་དང་དེ་བཞིན་སྤྱི་ཚོགས་ཀྱི་འགན་སྲུང་དང་། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན། བོད་རིག་པ་ཞིབ་འཇུག་སོགས་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་མ་ཟད། ཧོ་ལན་ཕྱོགས་ཀྱི་སྤེལ་རེས་པས་བཏོན་པའི་གནད་དོན་སྐོར་ལ་ལན་བརྒྱབ་པས་ཀྲུང་གོའི་བོད་ལ་འཛིན་པའི་ཧོ་ལན་ཕྱོགས་ཀྱི་རྒྱུས་མངའ་ཟབ་ཏུ་ཕྱིན་པ་རེད།
སྤེལ་རེས་ཚོགས་པའི་ཚོགས་སྤྱི་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཧོ་ལན་གྱི་སྨྱན་སྦྱོར་བཞུགས་མོལ་གནང་སྐབས། ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་ཁྱབ་ཁོངས་ལ་འཕེལ་རྒྱས་ཆེན་པོ་བྱུང་བས། ཧོ་ལན་གྱི་སྨྱན་སྦྱོར་གྱིས་དོན་དངོས་དང་དྲང་གཞག་གི་སྒོ་ནས་གནས་ཚུལ་སྤེལ་ཏེ། ཡོ་རོབ་ཀྱི་སྤྱི་ཚོགས་དང་ལས་རིགས་ཁག་ལ་ཀྲུང་གོའི་བོད་ལ་ཕྱོགས་ཡོངས་དང་ཇི་མ་ཇི་བཞིན་རྒྱུས་མངའ་ལོན་པར་བྱེད་པར་དགའ་བསུ་ཞུ་ཞེས་གསུངས།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོས་ཧོ་ལན་ལ་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ཐད་ཐོབ་པའི་བོད་ཀྱི་མངོན་གསལ་དོད་པའི་གྲུབ་འབྲས་ངོ་སྤྲོད་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་པད་མས་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།