དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལག་རྩལ།
  • བཟོ་རྩལ་གྱི་གཤོག་ཟུང་ཡག་པོ་བསྒར་། ཡུལ་སྐོར་གྱི་ལས་རྣམ་གསར་པ་དར།

    —— ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྟེན་གཞི་ཞིག་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-09

    ཉེ་བའི་ལོ་ཤས་རིང་། སྤྲོ་སྣང་ལྡན་པའི་ལག་ཤེས་བཟོ་རྩལ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་བཟོ་ལས་ཡུལ་སྐོར་མཉམ་འདྲེས་ལ་དོ་ཁུར་བྱེད་མཁན་མང་དུ་ཕྱིན་ནས་ས་ཁུལ་དང་བཟོ་ལས་ཁེ་ལས་ཁག་གིས་ཡུལ་སྐོར་བྱ་ཡུལ་གཏོད་པ་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་བཟོ་བའི་གོ་སྐབས་གསར་པ་ཞིག་ཏུ་གྱུར་ཡོད།

    འདི་ནི་ཀྲུང་ཧྭའི་བོད་རིགས་ཀྱི་དཀར་ཡོལ་འགྲེམས་ཁུལ་དུ་བཤམས་པའི་དཀར་ཡོལ།

    འདི་ནིི་ཐོན་སློབ་མཉམ་འདྲེས་དཔེ་སྟོན་གཞིར་སློབ་མས་དཀར་ཡོལ་ལ་རི་མོ་འབྲི་བཞིན་པ།

    འདི་ནི་ཐོན་སློབ་མཉམ་འདྲེས་དཔེ་སྟོན་རྟེན་གཞིར་སློབ་མས་འཕྲུལ་ཆས་སྤྱད་དེ་རྫ་ཕོར་གྱི་བཟོ་ལྟ་འདོན་བཞིན་པ།

    འདི་ནི་ཐོན་སློབ་མཉམ་འདྲེས་དཔེ་སྟོན་རྟེན་གཞིར་སློབ་མས་རྫ་དཀར་ལ་རྐོས་རྒྱག་བཞིན་པ།

    འདི་ནི་ཀྲུང་ཧྭའི་བོད་རིགས་ཀྱི་དཀར་ཡོལ་འགྲེམས་ཁུལ་དུ་བཤམས་པའི་དཀར་ཡོལ།

    འདི་ནི་པད་མའི་མཆོག་ནོར་གྱི་དཀར་ཡོལ་ཇུས་འགོད་ལ་རག་པའི་བྱ་དགའ།

    འདི་ནི་དཀར་ཡོལ་བཟོ་བའི་རྒྱུ་ཆ་འབྲི་གཡག་གི་རུས་ཐལ།

    ཟླ་10ཚེས་12ཉིན། རིག་གནས་དང་ཡུལ་སྐོར་པུས《པེ་ཅིང་གྲོང་ཁྱེར་གྱི་798སྒྱུ་རྩལ་ཁུལ་སོགས་རྒྱལ་ཁབ་ཀྱི་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞི་69ཁྱབ་གདལ་གཏོང་བའི་སྐོར་གྱི་སྤྱི་བསྒྲགས》བཏོན་ནས“2023ལོའི་རྒྱལ་ཁབ་ཀྱི་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་མིང་ཐོ”དངོས་སུ་ཁྱབ་བསྒྲགས་བྱས། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ(རྟེན་གཞིའི་མིང་ལ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ས་མཐོའི་སྔོ་ལྗང་བཟོ་ལས་ཡུལ་སྐོར་ཁུལ་ཞེས་བརྗོད)རྒྱལ་ཁབ་ཀྱི་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་གྲས་སུ་ཚུད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་བོད་དུ་ཞིབ་དཔྱད་གཏན་འཁེལ་བྱུང་བའི་རྒྱལ་ཁབ་ཀྱི་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞི་འབའ་ཞིག་ཡིན་པའི་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་བཟོ་ལས་ཀྱི་དངོས་ཚན་ཁེ་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཀ་རྟེན་ལྟ་བུའི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་རོགས་སྐྱོར་དང་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕན་འབྲས་མངོན་གསལ་དོད་པའི་ཐོན་ལས་མཉམ་འདུས་ཁྱུ་ཚོགས་རིམ་བཞིན་ཆགས་པར་བྱས་ནས་གླིང་ཁུལ་གྱི་བཟོ་ལས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། མིག་སྔར་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་20ཡོད་པ་རེད།

    བཟོ་ལས་ཡུལ་སྐོར་ནི་མི་རྣམས་ཀྱིས་ཡུལ་སྐོར་ཐོན་ཁུངས་ལ་གོ་བ་ལོན་རྒྱ་ཆེ་རུ་སོང་བ་དང་བསྟུན་ནས་གསར་དུ་ཐོན་པའི་ཡུལ་སྐོར་གྱི་ཐ་སྙད་དང་ཐོན་རྫས་ཀྱི་རྣམ་པ་ཞིག་རེད། ཡུལ་སྐོར་བྱེད་སྟངས་འདིའི་རིགས་ལ་གཙོ་བོ་བཟོ་ལས་གནའ་ཤུལ་ལ་ལྟ་སྐོར་དང་། བཟོ་ལས་ར་བར་ལྟ་སྐོར། བཟོ་ལས་ཐོན་རྫས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་ལྟ་སྐོར། བཟོ་ལས་རིག་གནས་དང་ཤེས་རིག་ལ་མྱོང་ལེན་བྱེད་པ་སོགས་ཚུད་ཡོད། བཟོ་ལས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དེས་བཟོ་ལས་གྲོང་ཁྱེར་ལ་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་དང་། ཕྱོགས་སྒྱུར་རིམ་སྤོར། གཟུགས་བརྙན་གསར་གཏོད་བཅས་ལ་རམ་འདེགས་ཐུབ་པ་མ་ཟད། ད་དུང་ཡུལ་སྐོར་ཐོན་རྫས་སྣ་མང་ཕུན་སུམ་ཚོགས་སུ་གཏོང་བ་དང་། དུས་རབས་གསར་པའི་མི་དམངས་མང་ཚོགས་ལ་བཟོ་ལས་ཀྱི་ལོ་རྒྱུས་དང་། བཟོ་ལས་ཀྱི་རིག་གནས། བཟོ་ལས་ཚན་རྩལ། བཟོ་ལས་སྒྱུ་རྩལ་སོགས་ཤེས་རྟོགས་བྱེད་པར་ཁྲིད་སྟོན་བྱས་ནས་བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཡང་ཕན་པ་ཡོད།

    བོད་ལྗོངས་ཁྲེང་ཧྥ་པད་མའི་མཆོག་ནོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་མིག་སྔར་བོད་རང་སྐྱོང་ལྗོངས་སུ་རྫ་དཀར་གཞི་རྟེན་དུ་བྱེད་པ་དང་། ཕུལ་བྱུང་གི་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་ཁྱབ་གདལ་གཏོང་རྒྱུ་ཕུགས་འདུན་དུ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྲོགས་པོ་དང་བོད་དུ་ཡོང་མཁན་ཡུལ་སྐོར་བར་རྒྱལ་ཁབ་ཀྱི་གུས་ལུགས་མཚོན་པའི་འབྲི་གཡག་གི་རུས་ཐལ་དཀར་ཡོལ་སྤུས་ལེགས་མཁོ་འདོན་ལ་གཞོལ་བཞིན་པའི་རིག་གནས་འཕེལ་རྒྱས་ཀུང་སི་འབའ་ཞིག་དེ་རེད། འགྲེལ་བཤད་པ་བསྟན་འཛིན་བདེ་སྐྱིད་ཀྱི་སྣེ་ཁྲིད་འོག་གསར་འགོད་པས་པད་མའི་མཆོག་ནོར་བཟོ་ལས་ཡུལ་སྐོར་གྱི་ལམ་ཐིག་ཡོངས་ལ་མྱོང་ལེན་བྱས་པ་ཡིན།

    ཐོན་སློབ་མཉམ་འདྲེས་དཔེ་སྟོན་རྟེན་གཞིར་གསར་འགོད་པས་སློབ་མ་ཁག་གཅིག་རི་མོ་འབྲི་བཞིན་པ་མཐོང་བྱུང་། བསྟན་འཛིན་བདེ་སྐྱིད་ཀྱིས་གསར་འགོད་པར་འདི་གར་རྫ་ཆས་བརྩམས་ཆོས་ཇུས་འགོད་དང་། ལག་བྲིས། ཐོན་ལས་བཅས་ཡོད། “ཁོང་ཚོ་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་དངོས་སྦྱོང་ལ་ཡོང་བའི་སློབ་མ་ཤ་སྟག་རེད། ང་ཚོས་2018ལོར་མཉམ་འབྲེལ་སློབ་གཉེར་བྱེད་སྟངས་བཏོད་ནས་ཡུལ་སྐོར་བ་མང་བའི་དུས་སུའང་ཡུལ་སྐོར་བར་འགྲེལ་བཤད་རྒྱག་གི་ཡོད”ཅེས་བསྟན་འཛིན་བདེ་སྐྱིད་ཀྱིས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། རྫ་དཀར་ལ་རྐོས་རྒྱག་པ་ནི་རྫ་དཀར་ལ་རི་མོ་འབྲི་བ་དང་མི་འདྲ་ཞིང་། རྫ་དཀར་ལ་རི་མོ་འབྲི་བ་ནི་དཀར་ཡོལ་གྱི་ངོས་སུ་བྲིས་ན་ཆོག་པ་དང་། རྫ་དཀར་ལ་རྐོས་རྒྱག་པ་ནི་སོ་མ་བཏང་གོང་ནས་རྐོས་རྒྱག་དགོས་ཀྱི་ཡོད། “དང་ཐོག་སྨྱུ་གུས་ཐིག་འཐེན་དགོས་པ་དང་དེ་ནས་གྲི་སོགས་ལག་ཆར་བརྟེན་ནས་རྐོས་རྒྱག་དགོས། བརྐོས་རེ་རེ་བརྒྱབ་ཟིན་པ་ནི་འཕངས་ཟིན་པའི་མདའ་མོ་དང་འདྲ་བར་བཟོ་བཅོས་རྒྱག་ཐབས་མེད”ཅེས་བསྟན་འཛིན་བདེ་སྐྱིད་ཀྱིས་བཤད།

    བཟོ་ལས་ཡུལ་སྐོར་ལམ་ཐིག་གི་ས་ཚིགས་གཉིས་པ་ནི་ཀྲུང་ཧྭ་རྫ་དཀར་བཟོ་རྩལ་མཛེས་རྩལ་སྤེལ་རེས་ཁང་རེད། “ཀྲུང་གོའི་ལོ་རྒྱུས་ཐོག་འཁོད་པའི་གནའ་བོའི་རྫ་ཆས་ནི་རྡོ་ཆས་རྙིང་པའི་དུས་རབས་བར་ཁུངས་འདེད་ཆོག” སྤྱི་ལོའི་སྔོན་ནས་ཉེ་རབས་བར་གྱི་རྫ་དཀར་སྒྱུ་རྩལ་གྱི་ལོ་རྒྱུས་བསྟན་འཛིན་བདེ་སྐྱིད་ཀྱིས་གསོན་ཉམས་དོད་པོས་བཤད་ཅིང་། སྤེལ་རེས་ཁང་གི་འདྲ་བཟོས་རྫ་དཀར་ལ་ལྟ་བཞིན་དུ་གསར་འགོད་པའི་ཡིད་དབང་ལྷག་པར་འཕྲོག

    ས་ཚིགས་གསུམ་པ་ནི་ཀྲུང་ཧྭའི་བོད་རིགས་ཀྱི་དཀར་ཡོལ་འགྲེམས་ཁུལ་ཡིན་པ་དང་དེ་གར་པད་མའི་མཆོག་ནོར་ཀུང་སིས་ཐོན་སྐྱེད་བྱས་པའི་རྫ་དཀར་སྣ་ཚོགས་བསྒྲིགས་ཡོད། བསྟན་འཛིན་བདེ་སྐྱིད་ཀྱིས“ང་ཚོས་ཀྲུང་ཧྭའི་རྫ་དཀར་དང་རུས་ཐལ་དཀར་ཡོལ་བཟོ་རྩལ་གྱི་རྨང་གཞིའི་ཐོག་འཛམ་གླིང་ཐོག་བཟོ་དབྱིབས་གསར་ཤོས་དང་སྤུས་ཀ་དག་ཤོས་ཀྱི་འབྲི་གཡག་གི་རུས་པ་རྒྱུ་ཆར་བྱས་པའི་རྫ་དཀར་ཞིབ་འཇུག་གསར་སྤེལ་བྱས་ཡོད། དེའི་རྒྱུ་ཆ་གཙོ་བོ་ནི་འབྲི་གཡག་གི་རུས་ཐལ་ཡིན་པ་དང་དེ་ནི་མཚོ་བོད་ས་མཐོ་དང་བོད་ཀྱི་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ལ། མཚོ་བོད་ས་མཐོའི་མཚོན་བྱེད་རང་བཞིན་གྱི་སྲོག་ཆགས་འབྲི་གཡག་གི་རུས་པ་ལས་སྣོན་བྱས་ནས་བཟོས་པ་ཞིག་རེད། འབྲི་གཡག་གི་རུས་ཐལ་དཀར་ཡོལ་ནི་མཚོ་བོད་ས་མཐོ་ཁོ་ནར་ཡོད་པ་ཞིག་ཡིན་པས་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།