ཆབ་སྲིད་རྩོམ་ཡིག་སྐོར་གྱི་དཔེ་དེབ་རྩོམ་སྒྲིག་བྱེད་ཚུལ་ལ་རགས་ཙམ་གླེང་བ།
ཆབ་སྲིད་རྩོམ་ཡིག་ཟེར་བ་ནི་ཆབ་སྲིད་ཀྱི་གཞུང་ལུགས་སྐོར་དང་། སྲིད་གཞུང་དང་འབྲེལ་བ་ཡོད་པའི་ཡིག་ཆ་སོགས་ལ་གོ་དགོས། དེའི་ནང་དུ་ཆབ་སྲིད་ཀྱི་གཞུང་ལུགས་དང་། སྲིད་དོན་སྐོར་གྱི་དཔྱད་རྩོམ། དཔྱད་བརྗོད། སྙན་སེང་། གཏམ་བཤད། བསྒྲགས་ཡིག གྲོས་གཞི། གྲོས་ཆོད་སོགས་འདུས་ཡོད་ལ། ཆབ་སྲིད་རྩོམ་ཡིག་གི་བྱེད་ནུས་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། སྤྱི་ཚོགས་གནད་དོན་ཁག་གི་ལྟ་ཚུལ། སྤྱི་ཚོགས་འཚོ་བའི་ལྟ་ཚུལ་སོགས་ཡིག་ངོས་ནས་ཐད་ཀར་མཚོན་དགོས་ཀྱི་ཡོད། སྐབས་སུ་བབ་པར་ཆབ་སྲིད་རྩོམ་ཡིག་སྐོར་གྱི་དཔེ་དེབ་རྩོམ་སྒྲིག་བྱེད་ཚུལ་དཔེར་བརྗོད་དང་བཅས་པའི་སྒོ་ནས་རགས་ཙམ་གླེང་གི་ཡིན།
དང་པོ། མ་ཡིག་དང་བསྡུར་ནས་འགྱུར་ཆད་ལྷག་མེད་པར་བཟོ་དགོས་པ།
ཆབ་སྲིད་རྩོམ་ཡིག་སྐོར་གྱི་དཔེ་དེབ་ནི་རྟག་པར་རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་བ་ཡིན་ལ། ཡིག་སྒྱུར་དཔེ་དེབ་རྩོམ་སྒྲིག་བྱེད་སྐབས་དཔེ་དེབ་གཞན་པ་དང་མི་འདྲ་བ་ཞིག་ནི་ཐོག་མར་མ་ཡིག་དང་རེ་རེ་བཞིན་བསྡུར་ནས་ཞུས་དག་གཏོང་དགོས། མ་ཡིག་དང་ཞིབ་བསྡུར་མ་བྱས་ན་འགྱུར་ཡིག་ཏུ་ཆད་ལྷག་བྱུང་བ་རྣམས་མཐོང་མི་ཐུབ་ལ། གལ་སྲིད་འགྱུར་ཆད་ལྷག་བྱུང་ན་ཆབ་སྲིད་རྩོམ་ཡིག་གི་ལྟ་བ་དང་ལངས་ཕྱོགས་སོགས་ཆ་ཚང་བ་དང་ཡང་དག་པ་ཞིག་འགྱུར་ཡིག་ཏུ་མཚོན་མི་ཐུབ་པས། མ་ཡིག་དང་ཞིབ་བསྡུར་བྱེད་པ་ནི་ཡིག་སྒྱུར་དཔེ་དེབ་རྩོམ་སྒྲིག་བྱེད་སྐབས་མེད་དུ་མི་རུང་བའི་གོ་རིམ་ཞིག་རེད། དཔེར་ན། 把握新发展阶段,贯彻新发展理念,构建新发展格局。ལྟ་བུར་མཚོན་ན། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྒྱུར་བ་ལ་མ་ཡིག་ནང་གི་贯彻新发展理念ཞེས་པའི་ཚིག་འདི་ཆད་ཡོད་པས་ཁ་གསབ་བྱས་ན་འདི་ལྟར་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས་ཞེས་པ་ལྟ་བུ་དང་། ཡང་དཔེར་ན། 治理好我们这个世界上最大的政党和人口最多的国家ལྟ་བུར་མཚོན་ན། ང་ཚོ་འཛམ་གླིང་གི་སྲིད་ཏང་ཆེ་ཤོས་ཀྱི་རྒྱལ་ཁབ་འདི་བཅོས་སྐྱོང་ཡག་པོ་བྱེད་དགོས་ན་ཞེས་བསྒྱུར་བ་ལ་མ་ཡིག་ནང་གི་人口最多ཞེས་པའི་ཚིག་གཙོ་བོ་འདི་ཆད་ཡོད་པས་ཁ་གསབ་བྱས་ན་འདི་ལྟར་ཏེ། ང་ཚོ་འཛམ་གླིང་གི་སྲིད་ཏང་ཆེ་ཤོས་ཤིག་དང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་འདི་བཅོས་སྐྱོང་ཡག་པོ་བྱེད་དགོས་ན་ཞེས་པ་ལྟ་བུའོ། དེ་བཞིན་དུ་འགྱུར་ལྷག་མ་བྱུང་བ་སྟེ། དཔེར་ན། ཆབ་སྲིད་རྩོམ་ཡིག་གི་དཔེ་དེབ་ཀྱི་མིང་སྟེ། 《习近平新时代中国特色社会主义思想专题摘编》ལྟ་བུར་མཚོན་ན། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་རྒྱས་བཤད་བཏུས་བསྒྲིགས》ཞེས་བསྒྱུར་བ་ལ“རྒྱས་བཤད”“论述”ཞེས་པའི་ཚིག་འདི་ལྷག་མ་བྱུང་ཡོད་པས་《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་བཏུས་བསྒྲིགས》ཞེས་བཅོས་དགོས་པ་ལྟ་བུ་སོགས། མདོར་ན། ཆབ་སྲིད་རྩོམ་ཡིག་གི་བྱེད་ནུས་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་སྒྲོག་སྤེལ་བྱེད་དགོས་པ་ཡིན་པས། མ་ཡིག་དང་བསྟུན་ནས་ཡིག་འབྲུ་རེ་རེ་བཞིན་ཐད་ཀར་བསྒྱུར་ཏེ་ཆབ་སྲིད་ཀྱི་བརྗོད་བྱའི་ལངས་ཕྱོགས་དང་ལྟ་ཚུལ་ཆད་ལྷག་མེད་པ་ཞིག་ཡོང་དགོས་པ་ལས་ཚིག་ཉུང་དོན་བསྡུས་སོགས་བྱ་མི་རུང་ལ་ཐ་སྙད་སྣོན་སྒྱུར་སོགས་ཀྱང་བྱ་མི་ཉན།
གཉིས་པ། མ་ཡིག་གི་ནང་དོན་དང་འགལ་བའི་སྒྱུར་སྐྱོན་སེལ་དགོས་པ།
བསྒྱུར་བྱའི་ནང་དོན་དེ་མ་ཡིག་དང་མི་འགལ་བ་ནི་ཡིག་སྒྱུར་གྱི་ཚད་གཞི་གཙོ་བོ་ཞིག་རེད། དཔེར་ན། 应变局ཞེས་པ་ལ་སྟབས་བསྟུན་ཅུས་ཞེས་བསྒྱུར་བ་ནི་རྦད་དེ་ནོར་ཡོད་པས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་ཞེས་སྒྱུར་དགོས་པ་དང་། 国之大者ཞེས་པ་ལ་རྒྱལ་ཁབ་ཆེན་པོ་ཞེས་བསྒྱུར་བ་དེའང་མ་ཡིག་ལ་གོ་ལོག་བྱུང་ཡོད་པས་རྒྱལ་ཁབ་ཀྱི་དོན་ཆེན་ཞེས་སྒྱུར་དགོས། ཡང་དཔེར་ན། 江山就是人民 人民就是江山ཞེས་པ་ལ་རི་ཀླུང་ནི་མི་དམངས་ཡིན་ལ། མི་དམངས་ནི་རི་ཀླུང་ཡིན་ཞེས་པའམ། ཡང་ན་རྒྱལ་ཁམས་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་ཁམས་ཡིན་ཞེས་པ་སོགས་བསྒྱུར་འདུག་ཀྱང་། སྐབས་འདིའི་江山ནི་ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་དབང་ལ་གོ་བས་སྲིད་དབང་ནི་མི་དམངས་དང་། མི་དམངས་ནི་སྲིད་དབང་ཡིན་ཞེས་སྒྱུར་དགོས། ཡང་དཔེར་ན། “表海”ཞེས་པ་ལ་“ཕྱི་ཚུལ་གྱིས་འཁྱེར་བ”ཞེས་བསྒྱུར་བ་ནི་མ་ཡིག་གི་表ཞེས་པ་འདི་ཕྱི་ཚུལ་ལ་གོ་བ་བླངས་ནས་བསྒྱུར་འདུག་ཀྱང་། སྐབས་འདིའི་表ནི་རེའུ་མིག་ལ་གོ་དགོས་པས“རེའུ་མིག་མང་པོ”ཞེས་བསྒྱུར་ན་འགྲིག་སྙམ། ཐ་སྙད་འདི་ནི་གཞི་རིམ་གྱི་ལས་ཀར་རེའུ་མིག་མང་པོ་སྐོང་དགོས་པ་དེ་མེད་པར་བཟོ་དགོས་པའི་ཡིག་ཆ་ལས་བྱུང་། མདོར་ན་ཆབ་སྲིད་རྩོམ་ཡིག་སྐོར་གྱི་ཡིག་སྒྱུར་ཐད་མ་ཡིག་གི་ནང་དོན་དང་དེའི་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ལ་གོ་བ་ཡང་དག་བླངས་ནས་འགྱུར་སྐྱོན་མི་ཡོང་བ་གཙིགས་སུ་འཛིན་དགོས།
གསུམ་པ། ཚིག་གི་སྔ་ཕྱིར་བལྟས་ནས་ཐ་སྙད་གདམ་གསེས་བྱེད་དགོས་པ།
རྒྱ་ཡིག་གི་ཐ་སྙད་གཅིག་ལ་གོ་དོན་གཉིས་གསུམ་རེ་ཡོད་པའི་ཚེ། ཚིག་གི་སྔ་རྗེས་ལ་བལྟས་ནས་ཐ་སྙད་གདམ་གསེས་བྱེད་དགོས་པ་སྟེ། དཔེར་ན། 文明ལྟ་བུར་མཚོན་ན། 中华五千年的文明ཞེས་པའི་སྐབས་ཀྱི་文明ནི་ཤེས་དཔལ་ཞེས་བསྒྱུར་ཏེ་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ཞེས་པ་ལྟ་བུ་དང་། ཡང་讲文明ཞེས་པའི་སྐབས་ཀྱི་文明ནི་ཡ་རབས་ཞེས་བསྒྱུར་ཏེ་ཡ་རབས་ལ་སྣང་ཆེན་ཞེས་པ་ལྟ་བུ་དང་། ཡང་精神文明建设ཞེས་པའི་སྐབས་ཀྱི་文明ནི་དཔལ་ཡོན་ཞེས་པར་བསྒྱུར་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཞེས་པ་ལྟ་བུའོ། ཡང་建设ལྟ་བུར་མཚོན་ན། 基础设施建设ཞེས་པའི་སྐབས་ཀྱི་建设ནི་འཛུགས་སྐྲུན་ཞེས་བསྒྱུར་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཞེས་པ་ལྟ་བུ་དང་། ཡང་党的建设ཞེས་པའི་སྐབས་སུ་建设ནི་འཛུགས་སྐྱོང་ཞེས་པར་བསྒྱུར་ཏེ་ཏང་འཛུགས་སྐྱོང་ཞེས་པ་ལྟ་བུའོ།། ཡང་དཔེར་ན། 阳光ལྟ་བུར་མཚོན་ན། 阳光工程ཞེས་པའི་སྐབས་ཀྱི་阳光ནི་ཉི་འོད་ཅེས་བསྒྱུར་ནས་ཉི་འོད་ལས་གྲྭ་ཞེས་པ་ལྟ་བུ་དང་། 阳光、富裕、开放ཞེས་པའི་སྐབས་ཀྱི་阳光ནི་ཐད་ཀར་ཉི་འོད་ཅེས་བསྒྱུར་ན་མི་འགྲིག་པས་ཚིག་སྔ་ཕྱིའི་ནང་དོན་དང་བསྟུན་ནས་ཡར་བརྩོན་ཞེས་བསྒྱུར་ཏེ་ཡར་བརྩོན་དང་། འབྱོར་ཕྱུག སྒོ་འབྱེད་ཅེས་པ་ལྟ་བུ་སོགས་གང་ལ་གང་འཚམ་གྱིས་ཐ་སྙད་གདམ་གསེས་བྱེད་དགོས་པ་ཤིན་ཏུ་གལ་ཆེ།
བཞི་པ། ཐ་སྙད་སྒྱུར་སྟངས་གཅིག་གྱུར་བྱེད་དགོས་པ།
སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བོད་འབྲེལ་ས་ཁུལ་དུ་ཆབ་དཔལ་རིག་གསུམ་གང་ཅིའི་ཐད་ལ་མིང་ཚིག་གསར་པ་མང་པོ་ཞིག་བྱུང་དང་འབྱུང་མུས་ལགས། ཐ་སྙད་གཅིག་གྱུར་ནི་བོད་ཀྱི་སྐད་ཡིག་གཅིག་གྱུར་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པས་ཀུན་གྱིས་གཙིགས་སུ་འཛིན་དགོས་པ་མ་ཟད། ལྷག་པར་དུ་དཔེ་དེབ་ཅིག་གི་ནང་དུ་ཐ་སྙད་སྒྱུར་སྟངས་སྔ་ཕྱི་མི་མཐུན་པ་རྣམས་གཅིག་གྱུར་བྱས་ན་དེབ་ཀྱི་སྤུས་ཀ་ཡང་ལེགས་པོ་ཞིག་ཡོང་ཐུབ།
དེ་ཡང་ནམ་རྒྱུན་ཆབ་སྲིད་རྩོམ་ཡིག་ཞུས་དག་དང་རྩོམ་སྒྲིག་བྱེད་རིང་ཐ་སྙད་སྒྱུར་སྟངས་མི་འདྲ་བ་སྣ་ཚོགས་འཕྲད་པ་སྟེ། དཔེར་ན། 政府工作报告ཞེས་པའི་སྐབས་ཀྱི་报告ཞེས་པ་ལ་སྙན་སྒྲོན་དང་སྙན་ཞུ་ཞེས་སྒྱུར་སྟངས་རིགས་གཉིས་བྱུང་བ་ལས་སྙན་སྒྲོན་དང་། 中国式ཞེས་པ་ལ་ཀྲུང་གོའི་རྣམ་པ་དང་ཀྲུང་གོའི་ལུགས་ཞེས་པ་སོགས་སྒྱུར་སྟངས་མང་དུ་བྱུང་བ་ལས་ཀྲུང་གོའི་ལུགས། 讲政治ཞེས་པ་ལ་ཆབ་སྲིད་ལ་སྣང་ཆེན་དང་ཆབ་སྲིད་ལ་དང་དོད་ཅེས་བྱུང་བ་ལས་ཆབ་སྲིད་ལ་སྣང་ཆེན། 定力ཞེས་པ་ལ་ཚུགས་ཤུགས་དང་། བརྟན་ཤུགས། གཏིང་ཤུགས་ཞེས་སྒྱུར་སྟངས་ཅི་རིགས་བྱུང་བ་ལས་ངེས་ཤུགས། 执政ཞེས་པ་ལ་སྲིད་འཛིན་དང་སྲིད་སྐྱོང་ཞེས་བྱུང་བ་ལས་སྲིད་སྐྱོང་། 底线ཞེས་པ་ལ་མ་མཐའི་མཚམས་ཐིག་དང་། གཞི་ཐིག མཐའ་ཚད་སོགས་བྱུང་བ་ལས་མཐའ་ཚད། 自我革命ཞེས་པ་ལ་རང་ཉིད་གསར་བརྗེ་དང་རང་ངོས་གསར་བརྗེ་ཞེས་བྱུང་བ་ལས་རང་ངོས་གསར་བརྗེ། 市场主体ཞེས་པ་ལ་ཚོང་རའི་གྲུབ་ཆ་གཙོ་བོ་དང་ཁྲོམ་རའི་བྱེད་པོ་ཞེས་པ་ལས་ཁྲོམ་རའི་བྱེད་པོ་ཞེས་གཅིག་གྱུར་བྱས་ན་ལེགས་པ་དང་། དེ་བཞིན་དུ། 跨越ལ་མཆོང་སྐྱོད་དང་། 飞跃ལ་འཕུར་མཆོང་། 突破ལ་ཐོད་བརྒལ། 坚持ལ་རྒྱུན་འཁྱོངས། 保持ལ་མཐའ་འཁྱོངས། 维护ལ་སྲུང་སྐྱོང་། 保护ལ་སྲུང་སྐྱོབ། 保障ལ་འགན་སྲུང་། 保证ལ་འགན་ལེན་ཞེས་པ་ལྟ་བུ་སོགས་ཐ་སྙད་རིགས་འདྲ་ཡིན་ཀྱང་རང་རང་གི་བྱེད་ནུས་དང་མཚོན་སྟངས་ལ་ཁྱད་པར་ཡོད་པས་དབྱེ་བ་གསལ་པོར་ཕྱེ་ནས་གཅིག་གྱུར་བྱས་ན་ལེགས།
སླར་སྨྲས་པ། ཆབ་སྲིད་རྩོམ་ཡིག་སྐོར་གྱི་དཔེ་དེབ་རྩོམ་སྒྲིག་བྱེད་པར་སྤྱིའི་ཆ་ནས་ཐོག་ཞུས་དང་། བར་ཞུས། མཐའ་ཞུས་བཅས་ཀྱི་གོ་རིམ་ཆེན་པོ་གསུམ་བརྒྱུད་དགོས་ལ། ཞུས་རིམ་སོ་སོར་ཡིག་སྒྱུར་གྱི་ཆ་ནས་འགྱུར་ཆད་དང་འགྱུར་སྐྱོན། ཐ་སྙད་གཅིག་གྱུར་དང་ཐ་སྙད་གདམ་གསེས་སོགས་ཀྱི་ཐད་ལ་དོ་ནན་བྱེད་དགོས་པ་མ་ཟད། ཞུས་དག་གི་ཆ་ནས་ཡི་གེ་ནོར་བ་དང་། ཚིག་ཕྲད་སྦྱོར་ཚུལ་ནོར་བ། ཤད་སྦྱོར་ཚུལ་མི་འགྲིག་པ། དཔར་གཞི་སྒྲིག་སྟངས་མི་ལེགས་པ་སོགས་ཀྱི་ཐད་ལའང་ཞིབ་མོས་བརྟག་སྟེ་དག་བཅོས་དང་ལེགས་སྒྲིག་བྱས་ནས་མཐར་དཔེ་སྐྲུན་གྱི་ཚད་གཞིར་སླེབས་པར་བྱའོ། །
(མི་རིགས་དཔེ་སྐྲུན་ཁང་གི་བློ་བཟང་ལྷ་མོ)