དབུ་ཤོག>བོད་ཀྱི་རིག་གནས།>རིག་དངོས་རྟོག་ཞིབ།
  • གནའ་ཤུལ་གྱི་ཕང་བར་ཐིམ་པའི་མི་ལོ་ཉི་ཤུ།

    —— གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་རིག་དངོས་སྲུང་སྐྱོང་པ་ཕུར་བུ་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་མངའ་རིས་བཅར་འདྲི་ཚོགས་ཆུང་གིས།   |     སྤེལ་དུས།  2023-12-04

    མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གྲོང་ནས་དྲུ་རིའི་ཚོགས་ཀྱིས་བསྐོར་བའི་སྦྲུལ་གཟུགས་ལྟ་བུའི་གཞུང་ལམ་བརྒྱུད་དེ། སྤྱི་ལེ་17ལྷག་ཙམ་བསྐྱོད་ན་མཐོ་ལྡིང་གྲོང་རྡལ་རྩྭ་ཧྲེང་ཚོགས་ཆུང་ལ་འབྱོར་བ་དང་། དེ་ནས་ཆེད་སྤྱོད་རླངས་འཁོར་ལ་ཞུགས་ཏེ་གྱེན་དུ་སྐར་མ་ཁ་ཤས་བསྐྱོད་ཚེ། ད་གཟོད་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དུ་སླེབས།

    གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་སོགས་ཕྱོགས་གང་ནས་བརྗོད་ཀྱང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་གནའ་ཤུལ་གྲགས་ཅན་ཞིག་ཡིན་སྟབས། དེའི་སྣ་འཛོམས་པའི་ཕུག་པ་དང་། དཀན་གཟར་བའི་མཁར་གྱང་། བྱིན་ཆགས་པའི་ལྷ་ཁང་། ངོ་མཚར་བའི་ལྡེབས་རིས་སོགས་ནི་མི་རྣམས་ཀྱི་དོ་སྣང་བྱ་ཡུལ་འབའ་ཞིག་ཏུ་གྱུར་ཡོད་ཅིང་། དེ་བས། ཕུར་བུ་ཚེ་རིང་གི་ངོས་ནས་བརྗོད་ན། རིན་ཐང་གཞལ་དུ་མེད་པའི་རིག་དངོས་དེ་དག་ཙམ་མ་ཟད། གནས་དེའི་ཆུ་དང་རྩི་ཤིང་ཐམས་ཅད་ཀྱང་རང་ཁྱིམ་ཀྱི་བང་མཛོད་ནང་གི་ནོར་བུ་ལྟ་བུར་བརྩི་ཡི་ཡོད།

    གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དུ་རིག་དངོས་སྲུང་སྐྱོང་གི་ལས་ལ་གཞོལ་ནས་ལོ་ཉི་ཤུ་ལྷག་ཙམ་སོང་བའི་ཕུར་བུ་ཚེ་རིང་ནི་ད་ལོ་ལོ་61ལ་བསླེབས་ཤིང་། ས་མཐོའི་ཉི་འོད་ཀྱིས་ཁོང་གི་བཞིན་རས་ཅུང་ཟད་སྨུག་པོར་གྱུར་ཡང་། ལོ་ཟླའི་འཁོར་འགྲོས་དང་ལྷན་དུ་རིག་དངོས་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་འགྱུར་བ་གཏན་ནས་འབྱུང་མྱོང་མེད།

    1རྩ་བ་ཚུགས་པའི་ཆོད་སེམས་བརྟན་པ།

    “ཆུ་ཀ་ལ་འདི་བདག་ཚོས་ཁྲིད་པ་ཡིན། འདི་ལོ་གཅིག་དུས་བཞིར་འཁྱགས་མི་སྲིད་ཅིང་། དེའི་ཆུ་སྙིགས་ཀྱང་འཕྲོ་བརླག་མི་འགྲོ་བར་ས་འོག་གི་སྦུ་གུ་བརྒྱུད་ནས་མ་གིའི་ལྕང་གསེབ་ཏུ་རྒྱུག་འགྲོ” ཕུར་བུ་ཚེ་རིང་གིས་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་སྒོ་འཛིན་ཚོང་སའི་མདུན་ངོས་སུ་ཡོད་པའི་ཆུ་ཀ་ལར་མཛུབ་མོ་བཙུགས་ནས་དེ་ལྟར་བརྗོད་པ་ལས། གསར་འགོད་པས་ད་གཟོད་མིག་མདུན་གྱི་ཆུ་ཀ་ལ་དང་། རྒྱང་ཐག་མི་རིང་བའི་སར་ལོ་འདབ་སྐྱ་མིན་སེར་མིན་དུ་གྱུར་བའི་ལྕང་མ་དག་ལ་དོ་སྣང་བྱུང་བ་མ་ཟད། དེ་བས་མི་ལོ་ཉི་ཤུའི་རིང་ལྷག་བསམ་རྣམ་དག་གིས་རིག་དངོས་སྲུང་སྐྱོང་ལས་ལ་མཐའ་གཅིག་ཏུ་འབད་པའི་ཕུར་བུ་ཚེ་རིང་གི་མྱོང་བར་དོ་སྣང་བྱེད་འགོ་ཚུགས།

    ཕུར་བུ་ཚེ་རིང་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་རྫ་རོང་ཤང་རི་པ་གྲོང་ཚོ་ནས་ཡིན་ཞིང་། ལོ་ཉི་ཤུ་ཡར་སྔོན་གྱི་ཉིན་ཞིག རི་པ་གྲོང་ཚོའི་ཚོན་ཀྲང་གི་འགན་འཁུར་བཞིན་པའི་ཕུར་བུ་ཚེ་རིང་གི་རྣ་ལམ་དུ་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དུ་རིག་དངོས་སྲུང་སྐྱོང་པ་བསྡུ་བའི་ཆ་འཕྲིན་ཐོས་མ་ཐག་ཚམ་ཚོམ་ཅི་ཡང་མེད་པར་མིང་ཐོ་བཀོད། དུས་དེ་ནས་བཟུང་ཁོང་གི་སེམས་ནུས་ཡོད་རྒུ་གནའ་ཤུལ་སྲུང་སྐྱོང་གི་ལས་ལ་འཐིམས། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་གྱི་ཕུག་པ་ལས་ཁྲབ་རྨོག་རྙེད་ནས་རང་གི་ལུས་ལ་གྱོན་ཏེ་རྩེད་མོར་རོལ་བའི་བྱིས་དུས་སུ་ཕུར་བུ་ཚེ་རིང་གི་ཡིད་ལ་བསམ་དྲན་ཅི་ཡང་མེད་ཀྱང་། རིམ་གྱིས་ནར་སོན་པ་དང་བསྟུན་ནས་འདས་དོན་དེས་ཁོང་གི་ཡིད་ལ་གཡོ་འགུལ་ཆེན་པོ་ཐེབས་པ་མ་ཟད། ཕྱིས་སུ་ཁོང་རིག་དངོས་སྲུང་སྐྱོང་པ་ཞིག་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུའང་གྱུར།

    2004ལོར། བསམ་དོན་ལྷུན་བཞིན་གྲུབ་པའི་ཕུར་བུ་ཚེ་རིང་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དུ་སླེབས་ནས། དངོས་སུ་རིག་དངོས་སྲུང་སྐྱོང་གི་ལས་ལ་ཞུགས་སྐབས། ཁོང་ལ་བློ་ཡུལ་ལས་འདས་པའི་དཀའ་ངལ་མི་ཉུང་བ་འཕྲད། འོན་ཏེ། དཀའ་ངལ་དེ་དག་རིག་དངོས་སྲུང་སྐྱོང་གི་ལས་ལ་འཕངས་ཟིན་པའི་ཕུར་བུ་ཚེ་རིང་གི་སེམས་ཀྱི་མདའ་མོ་ཕྱིར་ལོག་པའི་རྐྱེན་དུ་མ་གྱུར་བར། དེ་ལས་ལྡོག་སྟེ་ཕོ་གཞོན་ཞིག་གི་བློ་ཡི་རིག་པ་དང་། ལུས་ཀྱི་ཤེད་ཤུགས་ངོམས་ནས་དཀའ་ངལ་ཐག་གཅོད་བྱེད་པའི་སྒུལ་ཤུགས་སུ་གྱུར།

    “ཐོག་མའི་དུས་སུ་འདི་གར་ཆུ་ཀ་ལ་མེད་པས། འཐུང་ཆུ་རི་གཤམ་ནས་ལེན་དགོས་སྟབས་དཀའ་ངལ་ཆེན་པོ་འདུག ཕྱིས་སུ་ང་ཚོས་རང་ལག་འགུལ་ནས་རི་སྐེད་དུ་ཡོད་པའི་ཆུ་མིག་གི་ཆུ་འདི་གར་དྲངས་པས་ཧ་ཅང་སྟབས་བདེ་པོ་ཆགས་སོང” ཕུར་བུ་ཚེ་རིང་གིས་ཀ་ལའི་གཅུས་སྒོ་དལ་གྱིས་གཅུས་ནས་ཆུ་གློད་ཀྱིན་དུ་ངང་རྒྱུད་རིང་པོས་དེ་ལྟར་བརྗོད་ཟིན་མ་ཐག ཡུལ་སྐོར་བ་ཞིག་གིས་ལམ་སེང་ལག་གི་ཁྱོར་བ་ཟུམ་ནས་སྙིམ་པར་ཆུ་བཅུས་ཏེ་ཁ་ངོམས་པ་ཞིག་བཏུངས། ཡུལ་སྐོར་བ་དེའི་སྙིམ་པ་ལས་འཕོ་བའི་ཆུ་རྣམས་ར་སྐྱོར་གྲུ་བཞིའི་དཀྱིལ་དུ་འཕིགས་པའི་ཨི་ཁུང་བརྒྱུད་དེ་གར་སོང་ཆ་མེད་དུ་བཞུར་འགྲོ།

    “གཟིགས་དང་། ཨི་ཁུང་འདི་ནས་རྒྱུག་པའི་ཆུ་ཐད་ཀར་གཤམ་གྱི་ལྕང་གསེབ་ཏུ་སླེབས་ཀྱི་རེད། དང་ཐོག་འདི་གར་ལྕང་མ་རྐང་གཅིག་ཀྱང་མཐོང་རྒྱུ་མེད། ང་ཚོས་ལྕང་མ་དེ་དག་བཏབ་ནས་གཡོག་བྱེད་ཡག་པོ་བྱས་པས་གསོན་སོང”ཞེས་ཕུར་བུ་ཚེ་རིང་གིས་རི་གཤམ་གྱི་ལྕང་མར་མཛུབ་མོ་བཙུགས་ནས་དེ་ལྟར་བརྗོད་པས། དེར་འདུས་ཀུན་གྱིས་མིག་ཟུང་དུས་གཅིག་ཏུ་རི་གཤམ་གྱི་ལྕང་མར་ལྟ་བཞིན་དུ་ཁ་ནས་ཕུར་བུ་ཚེ་རིང་ལ་བསྟོད་ཚིག་གི་མེ་ཏོག་བསྒྲོན།

    ཆུ་མོ་རྟག་ཏུ་བཞུར། ལྕང་མ་ལོ་འདབ་རྒྱས། སྨུག་མདངས་ཅན་གྱི་ཞལ་རས་ཀྱི་དཀྱིལ་འཁོར་ནས་དུང་ལྟར་དཀར་བའི་ཚེམས་ཕྲེང་ཡང་ཡང་ཕྱུང་བ་ལས། རང་ཉིད་ཀྱིས་བྱས་པའི་བྱ་བཟང་དག་གཞན་གྱི་མདུན་དུ་ངོམ་འདོད་དེ་ཙམ་མི་བྱེད་པའི་ཕུར་བུ་ཚེ་རིང་གི་རང་གཤིས་ནི་ཆུ་དང་ལྕང་མའི་རང་བཞིན་དང་ཅིས་མི་འདྲ། དུས་རྟག་ཏུ་གཞན་ཕན་གྱི་ལས་འབའ་ཞིག་དོན་དུ་གཉེར་ཡང་ངས་བྱས་ངས་འཇོན་གྱི་ཁ་ཕོ་གཏན་ནས་མ་བསྒྲགས་པར་མུ་མཐུད་ཁ་ཁུ་སིམ་མེར་རང་འཁྲིའི་ལས་ལ་འབད་བཞིན་ཡོད་པ་རེད། ཆུ་དྲངས་པ་དང་ལྕང་མ་བཙུགས་པ་ནི་འགའ་ཞིག་གི་སྣང་ངོར་རིག་དངོས་སྲུང་སྐྱོང་དང་འབྲེལ་བ་དེ་ཙམ་མེད་པའི་གནོག་ཆུང་བྱ་བར་མཐོང་སྲིད་ཀྱང་། དོན་དུ་དེ་ལས། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དུ་གཞི་ཚུགས་པའི་ཕུར་བུ་ཚེ་རིང་གིས་གནའ་ཤུལ་སྲུང་སྐྱོང་གི་ལས་ལ་རིན་བྲལ་གྱི་ལང་ཚོ་སྐྱེས་སུ་འབུལ་བའི་ཆོད་སེམས་དེ་རྩ་བ་ཚུགས་པའི་སྡོང་པོ་བཞིན་ཡིད་ལ་བརྟན་པོར་བཅངས་ཟིན་པ་མཚོན་ཐུབ།

    2 ཡིད་ཆེས་འཕེར་བའི་ལོ་རྒྱུས་སྙན་པ།

    “འགའ་ཞིག་གིས་གུ་གེ་རྒྱལ་རབས་ནི་མཚན་གཅིག་ལ་ནུབ་པ་རེད་ཟེར། ཤོད་ཚུལ་དེ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད” གསར་འགོད་པ་དང་བཅས་པ་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་གྱི་རྡོ་སྐས་ཀྱག་ཀྱོག་དེའི་ཕྱེད་ཀ་ཙམ་ལ་སླེབས་སྐབས། རིག་དངོས་སྲུང་སྐྱོང་པ་ཕུར་བུ་ཚེ་རིང་གིས་དེ་ལྟར་བརྗོད། མིག་ལམ་དུ་སྣང་བའི་ལྷ་ཁང་དང་། མཁར་གྱང་། ས་ཕུག ལྡེབས་རིས། འཇིམ་སྐུ་སོགས་ལ་ལྟ་བཞིན་ཕུར་བུ་ཚེ་རིང་གིས་བརྗོད་པའི་གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་ཉན་སྐབས། ད་གཟོད་གུ་གེ་རྒྱལ་རབས་ཀྱི་སྔར་སོང་གི་ལོ་རྒྱུས་སྤྱིར་སྔར་ལས་ཟབ་པའི་ངེས་ཤེས་རྙེད་ཐུབ།

    མ་གཞི་གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུ་ནི་ལོ་རྒྱུས་ཆེད་ལས་པའི་འགན་འཁྲི་ཡིན་པ་ལས་རིག་དངོས་སྲུང་སྐྱོང་པ་ཞིག་ལ་འཁྲི་བའི་འོས་འགན་མིན་མོད། ཕུར་བུ་ཚེ་རིང་ནི་མི་ཚེ་རི་ལ་བསྐྱལ་ཡང་རི་དྭགས་ངོ་མི་ཤེས་པ་ཞིག་བྱེད་འདོད་མེད་སྟབས། རང་ཉིད་ཀྱིས་ཉིན་མཚན་དུས་དྲུག་ཏུ་སྲུང་བཞིན་པའི་གནའ་ཤུལ་དེའི་འདས་པའི་ལོ་རྒྱུས་ལ་ཐོས་བསམ་ཟབ་མོ་བྱས་པར་བརྟེན། ད་ལྟ་ཁོང་ནི་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་རིག་དངོས་སྲུང་སྐྱོང་པ་ཙམ་མ་ཟད། གནས་དེའི“ལོ་རྒྱུས་དེབ་ཐེར་གསོན་པོ”ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ན་ཐལ་མི་ཆེ་སྙམ།

    “ས་ཕུག་འདི་ཚོར་སྒོ་མེད་དམ” གསར་འགོད་པ་ཞིག་གིས་ཕུར་བུ་ཚེ་རིང་ལ་དེ་ལྟར་འདྲི་སྐབས། ཁོང་དེ་མ་ཉིད་དུ་ས་ཕུག་དེའི་སྒོ་ཁར་དོན་ནས་སྒོ་སྟོད་ཀྱི་གཡས་གཡོན་གཉིས་སུ་ཡོད་པའི་ཉག་གར་ལག་པ་བཞག་སྟེ་ལུས་ཀྱི་སྟངས་སྟབས་དང་ངག་གི་སྐད་ཆ་ཟུང་དུ་འབྲེལ་ནས་ངོ་སྤྲོད་བྱས།

    རིག་དངོས་སྲུང་སྐྱོང་པ་ཞིག་གི་ངོས་ནས། ཕུར་བུ་ཚེ་རིང་གིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སྤྱིའི་སྲུང་སྐྱོང་དང་ཉམས་གསོའི་གནས་ཚུལ་ཕྲ་རགས་ཀུན་ལ་དུས་ཐོག་ཏུ་ལན་འདེབས་ཐུབ་པར་ཡ་མཚན་བྱེད་རིན་མེད་ཀྱང་། གསར་འགོད་པ་དང་ཡུལ་སྐོར་བས་དྲིས་པའི་ལོ་རྒྱུས་སྐོར་གྱི་དོགས་གནད་ལའང་ཁོང་རང་ཉིད་ཀྱི་ལྟ་ཚུལ་ལྷུག་པོར་གླེང་ཐུབ་པ་ནི་དངོས་གནས་ཡི་རངས་སྐྱེས་དགོས་པ་ཞིག་རེད།

    རྐང་པའི་སྣེ་མོར་ཐོགས་པའི་ས་ཕུང་ཞིག་གི་ལོ་རྒྱུས་ནས། ཀེ་རེར་འགྲེངས་པའི་མཁར་གྱང་གི་བྱེད་ནུས་བར་དང་། རྡོ་ལས་བརྩིགས་པའི་རྩིག་རྨང་གི་བྱུང་ཚུལ་ནས། ལྷ་ཁང་གི་སྒོའི་རུ་བཞིའི་བརྐོས་ཀྱི་མཚོན་དོན་བར། གང་ལྟར་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་སྟོད་སྨད་བར་གསུམ་གྱི་སྣང་ཚུལ་ལ་ཁོང་གིས་འཁོན་ཐོགས་མེད་པར་ལན་འདེབས་ཐུབ་ཀྱི་འདུག་པས། ཁོང་ནི་དོན་དེ་ལ་མངགས་པའི་མངགས་པ་མིང་དོན་མཚུངས་པ་ཞིག་ཏུ་མཐོང་།

    འཇིག་རྟེན་གྱི་གཏམ་དཔེར། གང་ལ་སྦྱངས་ན་དེ་ལ་མཁས། རྫི་བོ་འུར་རྡོ་རྒྱག་ལ་མཁས་ཞེས་གྲགས་པ་ལྟར། ཕུར་བུ་ཚེ་རིང་གི་བློ་ལ་ཡོད་པའི་ལོ་རྒྱུས་དང་རིག་དངོས་ཀྱི་ཤེས་བྱ་དེ་དག་ཀྱང་དེ་ལྟར་ཁོང་གིས་རང་ཉིད་ཀྱི་ལས་གནས་ལ་དགའ་ཞེན་ཆེན་པོ་བཅངས་ནས། སྐོར་གཡེང་བྱེད་པའི་དུས་རེ་རེར་གནའ་ཤུལ་གང་དེའི་ས་དང་རྡོ་ཚུན་ཆད་ལ་དོ་གལ་ཆེན་པོ་བྱས་པ་དང་། སྐབས་དང་མཚམས་སུ་ལོ་རྒྱུས་རྟོག་ཞིབ་པ་དང་རིག་དངོས་སྲུང་སྐྱོང་ཚན་པ་འབྱོར་སྐབས། ང་རྒྱལ་གྱི་བསམ་པ་རྒྱང་དུ་དོར་ནས་མ་ཤེས་པའི་གནད་རྣམས་ཁེངས་སྐྱུང་གིས་བཀའ་འདྲི་ཞུས་པ། དེ་བཞིན་ནམ་ཞག་འཁོར་བའི་རྒྱུན་དུ་ལེ་ལོ་དང་རྣམ་གཡེང་སྤངས་ནས་དཔེ་དེབ་གང་མང་བཀླགས་པ་བཅས་ཀྱི་འབྲས་བུ་ལགས།

    3 རིག་དངོས་སྲུང་བའི་ལྷག་བསམ་དཀར་བ།

    གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་གུ་གེ་སྲིད་དབང་གི་འཛུགས་སྐྲུན་རིགས་ཀྱི་གནའ་ཤུལ་གཞི་ཁྱོན་ཆེ་ཤོས་ཤིག་ཡིན་པས། སྲུང་སྐྱོང་ཚགས་ཚུད་པོ་བྱེད་རྒྱུ་ནི་ཀུན་ལ་འཁྲི་བའི་འགན་འཁྲི་ཞིག་རེད།

    “རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་མ་དངུལ་འབོར་ཆེན་བཏང་སྟེ། སྤྱི་ལོ་1988ལོ་དང་། 1996ལོ། 2011ལོ་བཅས་ལ་སྔ་ཕྱིར་ཉམས་གསོ་དང་སྲུང་སྐྱོང་ཐེངས་གསུམ་བྱས་པ་ལས། 2011ལོ་ནི་ཉམས་གསོ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་ཤོས་ཡིན་ཞིང་། སྐབས་དེ་དུས་མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་བ་རེད”ཅེས་ཕུར་བུ་ཚེ་རིང་གིས་རི་འདབས་ནས་མགོ་བོ་དགྱེ་སྟེ་མིག་མདུན་གྱི་གནའ་ཤུལ་ཚོགས་ལ་ལྟ་བཞིན་དུ་དེ་ལྟར་བརྗོད།

    ཕྱོགས་མང་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྲུང་སྐྱོང་ཚགས་ཚུད་བྱས་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་ད་ཆ་ཡུལ་སྐོར་བའི་དམིགས་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་སྟབས། རྩྭ་མདའ་རྫོང་ཡུལ་སྐོར་ཅུས་ནས་གུ་གེ་རྒྱལ་རབས་གནའ་ཤུལ་དུ་ཡུལ་སྐོར་སྣེ་ཤན་པ་བཀོད་སྒྲིག་བྱས་ཡོད། འོན་ཏེ། ཡུལ་སྐོར་བར་དགོས་མཁོ་ཡོད་ཚེ། རིག་དངོས་སྲུང་སྐྱོང་པ་ཕུར་བུ་ཚེ་རིང་གིས་ངལ་བར་མ་འཛེམས་པར་ཡུལ་སྐོར་བའི་འདོད་པ་སྐོང་གི་ཡོད་པས། ཡུལ་སྐོར་བ་མང་དུས་ཁོང་ནི་སྡོད་ཁོམ་བྲལ་བའི་གློག་སྐས་ཤིག་དང་འདྲ་བར། ལག་ཏུ་ལྡེ་མིག་ཐོགས་ནས་ཡུལ་སྐོར་བའི་སྣེ་ཁྲིད་དེ་གནའ་ཤུལ་གྱི་སྟེང་འོག་ཏུ་ཡར་བཞུད་མར་བཞུད་ལ་བྲེལ་བཞིན་མཆིས། སྐབས་དེ་དུས་སྤྱིར་ན་ཁོང་གི་ཉིན་རེའི་འཆར་ཅན་གྱི་སྐོར་གཡེང་བྱས་ཟིན་མོད། འོན་ཏེ། ཡུལ་སྐོར་བ་དང་འགྲོགས་ནས་གནའ་ཤུལ་གྱི་ཕྱོགས་གང་སར་བསྐྱོད་དེ་ཡུལ་སྐོར་བར་འཆད་འགྲེལ་བྱེད་ཞོར་དུ་གྱང་གི་ས་རྡོག་པོ་གཅིག་དང་། ལྷ་ཁང་གི་རྩིག་རྡོ་གཅིག་ལའང་དོ་སྣང་བྱེད་པ་དེ་ད་ཆ་ཁོང་གི་སྐོར་གཡེང་གི་གོམས་གཤིས་སུ་གྱུར་ཡོད།

    གནའ་ཤུལ་ལ་སྲུང་སྐྱོང་དེ་བས་ཡག་པ་ཐུབ་ཕྱིར། 2011ལོར་ཉམས་གསོ་དང་སྲུང་སྐྱོང་ཆེན་པོ་བྱེད་སྐབས་གློག་མིག་བསྒར་བ་ལས་ད་ཆ་རིག་དངོས་སྲུང་སྐྱོང་པའི་ལས་བཟོད་ཅུང་ཡང་དུ་ཕྱིན་མོད། འོན་ཏེ་ཕུར་བུ་ཚེ་རིང་དང་བཅས་པའི་རིག་དངོས་སྲུང་སྐྱོང་པ་ཚོས་ལས་བཟོད་ཡང་དུ་སོང་ཡང་འགན་འཁྲི་ཆུང་དུ་སོང་མེད་པའི་རྩ་དོན་བློ་ལ་བརྟན་པོར་བཟུང་ནས། ཉིན་ལྟར་གཟབ་གཟབ་གསིག་གསིག་གིས་སྐོར་གཡེང་བྱས་ཏེ་རང་ཉིད་ཀྱིས་ཤེས་རྟོགས་བྱུང་བའི་དོན་རྣམས་ལམ་སེང་གོང་རིམ་ལ་སྙན་སེང་ཞུས་ནས་རིག་དངོས་སྲུང་སྐྱོང་གི་བྱ་བ་འཕྱུགས་པ་མེད་པར་སྒྲུབ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།