སྟོན་དུས་ཀྱི་རྣམ་པ།
རྩོམ་སྒྲིག་པའི་སྦྲགས་མཆན།
ཐེངས་འདིའི་རྩོམ་རིག་དགའ་ཚལ་གྱི་པར་ངོས་སུ་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སློབ་འབྲིང་གི་སློབ་མའི་ཁ་བྱང་གཅིག་པའི་རྩོམ་ཡིག《སྟོན་དུས་ཀྱི་རྣམ་པ》ཞེས་པ་བཀོད་ཡོད།
འབྲས་ལྡན་སྟོན་གྱི་རྣམ་པ་ནི་སྐྱེ་བོ་མང་པོའི་སེམས་ཀྱི་དྲན་ཤིང་དུ་ཉར་ཆོག་པ་ཞིག་རེད་ཨང་། ནམ་དུས་དེའི་ཐུན་མིན་གྱི་ཁྱད་ཆོས་དང་ལྗོངས་རྣམ་གྱིས་མི་སེམས་ཀྱི་ཟབ་སར་ཚོར་འདུའི་རྦ་རླབས་རེ་སྐྱོམས་སྲིད་པས། དེ་དག་ཡི་གེའི་གཟུགས་སུ་ཕབ་པ་ནི་ནམ་དུས་དེར་བཏབ་པའི་བརྗེད་བྱང་ཞིག་རེད་སྙམ།
སློབ་མ་ཚོས་སྟོན་དུས་ཀྱི་མཐོང་སྣང་དག་རྩོམ་ཡིག་ཏུ་བྲིས་པ་ནི་དགའ་འོས་པ་ཞིག་ཡིན་མོད། ཐེངས་འདིར་བཀོད་པའི་རྩོམ་ཡིག་འདི་དག་ལས་སློབ་མའི་རྩོམ་ཡིག་འབྲི་ཕྱོགས་ཐད་ཀྱི་སྐྱོན་ཆ་ཉུང་ཤས་རེ་མཐོང་འོངས་བས། འདི་གར་རྩོམ་སྒྲིག་པས་སློབ་མ་རྣམས་ལ་དྲན་སྐུལ་རེ་ཞུ་འདོད་དེ། གཅིག་ནས། ཡུལ་ལྗོངས་སྐོར་གྱི་རྩོམ་ཡིག་འབྲི་སྐབས། འབྲི་བྱའི་ཡུལ་ལ་ལྟ་ཞིབ་ཟབ་མོ་བྱས་ནས་རང་རང་གི་མཐོང་སྣང་དང་དེས་རང་སེམས་ལ་བྱིན་པའི་ཚོར་འདུ་ཟུང་དུ་འབྲེལ་ནས་རྩོམ་ཡིག་ཏུ་འབྲི་ཐུབ་ན་ལེགས་པར་སྙམ། གཉིས་ནས། ཡུལ་ལྗོངས་ལ་ལྟ་ཞིབ་བྱེད་སྐབས་རྒྱང་ནས་ཉེ་བའམ་སྤྱི་ནས་བྱེ་བྲག་སོགས་ཀྱི་གོ་རིམ་ངེས་ཅན་ལྡན་པའི་ཐབས་ལམ་སྤྱོད་ཐུབ་ན་རྩོམ་ཡིག་གཏན་ཚིགས་དང་ལྡན་པ་ཞིག་ཡོང་ཐུབ། གསུམ་ནས། འབྲི་བྱའི་རྩོམ་ཡིག་གི་ནང་དོན་རང་ཉིད་ཀྱི་འཚོ་བ་དངོས་དང་འབྲེལ་བ་བྱེད་ཐུབ་ན་ལེགས་པར་སྙམ། ཞིང་པའི་བུ་ཕྲུག་ཅིག་གིས་སྟོན་དུས་ཀྱི་རྣམ་པ་བྲིས་པར་ཆ་བཞག་ན། རང་ཁྱིམ་གྱི་ཞིང་ཁ་དང་སྒོ་ར་སོགས་ཀྱི་སྣང་ཚུལ་ནས་འགོ་བཙུགས་ཏེ། ཕ་མས་ཟོར་བ་སོགས་སྟོན་ལས་ཀྱི་ལག་ཆ་གྲ་སྒྲིག་བྱེད་ཚུལ་དང་། བཙས་མ་རྔ་ཚུལ། ཚར་མ་འདྲེན་ཚུལ་སོགས་འབྲི་བྱའི་ནང་དོན་ཕུན་སུམ་ཚོགས་པས། དེ་དག་ལས་རང་ཉིད་ལ་བག་ཆགས་ཟབ་ཤོས་རེ་བདམས་ནས་བྲིས་ཚེ། རང་གི་རྩོམ་ཡིག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐོན་ཐུབ་པར་སྙམ།
ལོ་རིམ་བརྒྱད་པའི་འཛིན་གྲྭ་བཞི་པ། ཟླ་བ་ཆོས་སྒྲོན།
ནམ་དུས་སྟོན་ཁ་ཤར་བ་ན་སྤང་རི་ཐམས་ཅད་སེར་པོར་གྱུར་བ་མ་ཟད། ན་ཁ་དང་རྩི་ཤིང་ཡང་སེར་པོར་གྱུར་ཞིང་། བྱ་ཁུ་བྱུག་ཀྱང་མོན་ཡུལ་དུ་ལོག་པའི་སྟ་གོན་བྱེད།
ཨེ་མ། རང་བྱུང་ཁམས་ཀྱི་དུས་ཀྱི་འཁོར་ལོའི་བང་འགྲོས་དེ་འདྲའི་མགྱོགས་པ་ལ་ཨང་། འཁྱུག་ཙམ་ཞིག་ལ་ལོ་ལེགས་ཀྱི་འབྲས་བཟང་བསྡུ་བའི་ནམ་དུས་སྟོན་ཁ་སླེབས་སོང་། ངའི་མཐོང་ཐོས་མྱོང་གསུམ་ལ་གཞིགས་ན། ནམ་དུས་སྟོན་ཁ་ནི་མི་ཕྱུགས་ཐམས་ཅད་ཀྱི་བསམ་དོན་གྲུབ་པའི་དུས་ཚོད་ཡག་ཤོས་ཤིག་རེད། གང་ལགས་ཤེ་ན། འགྲོ་བ་མིའི་ངོས་ནས་བརྗོད་ན། སྟོན་དུས་ནི་ལོ་ཏོག་བསྡུ་བའི་དུས་སྐབས་ཡག་པོ་ཞིག་ཡིན་པ་དང་། དུད་འགྲོ་སེམས་ཅན་གྱི་ངོས་ནས་བརྗོད་ན། རྩྭ་རྩི་ཏོག་ངོམས་པར་བཟས་ནས་ཤ་ཤེད་ཡོངས་སུ་རྒྱས་པའི་དུས་བཟང་ཞིག་རེད།
ལོ་ལྟར་སྟོན་ཁ་སླེབས་རིམ་བཞིན། ང་རང་སྟོན་ཁའི་ཡུལ་ལྗོངས་ལ་ལྟ་རྒྱུར་དགའ། ནམ་དུས་སྟོན་ཁའི་ནམ་མཁའ་ནི་བྱི་དོར་གཙང་མར་བྱས་པའི་མེ་ལོང་ཞིག་དང་འདྲ་ཞིང་། ནམ་དུས་སྟོན་ཁའི་ས་གཞི་ནི་གསེར་གྱི་གཞོང་པ་ཞིག་དང་ཨ་ན་མ་ན་རེད། གནམ་ས་གཉིས་ཀྱི་བར་སྣང་དུ་ལྡང་བའི་སྐྱི་བསེར་རླུང་བུས་ཞིང་ཐང་ཡངས་པོའི་སྙེ་མར་བྱིལ་བྱིལ་བྱེད་པའི་རྣམ་པ་ནི་ཅི་འདྲའི་ཡི་གར་འོང་བ་ཞིག་རེད་ཨང་།
མི་རིང་བར་སོ་ནམ་པས་ལག་ཏུ་ཚེས་གསུམ་ཟླ་བ་འདྲ་བའི་ཟོར་བ་ཐོགས་ཏེ་བཙས་མ་རྔ་བའི་ཚུལ་ནི་མགོ་བོའི་སྐྲ་ལོ་གཅོད་པ་དང་འདྲ་ལ། མི་རྒན་གྱི་ཁ་སྤུ་བྲེགས་པ་དང་མཚུངས། ལོ་ལེགས་སྙེ་མའི་རྦ་རླབས་འཕྱུར་བའི་ཞིང་ཐང་ཡངས་མོ་སྐྱ་ཐེར་ཐེར་དུ་གྱུར་བའི་ཚུལ་མཐོང་དུས། ངའི་ནར་མ་སོན་པའི་སེམས་ལ་སྐྱོ་སྣང་ཕྲན་བུ་སྐྱེས་མོད། ཞིབ་པར་བསམ་དུས། དེ་ནི་ས་ཞིང་གིས་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་པར་ཤེས་ཤིང་། གལ་སྲིད་ཞིང་ཐང་ཡངས་པོའི་སེར་སྣ་བྲལ་བའི་ལེགས་སྐྱེས་འདི་ལྟ་བུ་མེད་ན། འགྲོ་བའི་མིའི་འཚོ་གསོན་ཅི་ལ་བརྟེན་དགོས་ཨང་སྙམ། དེས་ན། ང་རང་ནམ་དུས་སྟོན་ཁར་དགའ་ལ། ནམ་དུས་སྟོན་ཁའི་ལོ་ལེགས་ཀྱིས་ཁེངས་པའི་ཞིང་ཐང་ཡངས་པོར་དེ་བས་དགའ།
ལོ་རིམ་བརྒྱད་པའི་འཛིན་གྲྭ་གཉིས་པ། བསྟན་འཛིན་མཚོ་མོ།
སྟོན་ཁ་ནི་མཛེས་སྡུག་ལྡན་པའི་ནམ་དུས་ཤིག་རེད། སྟོན་དུས་ནི་སོ་ནམ་པ་རྣམས་སྤྲོ་སྣང་ཆེ་ཤོས་ཀྱི་དུས་ཚིགས་ཁྱད་པར་བ་ཞིག་རེད། དེ་བས་སྟོན་ཁ་ནི་མི་ཚང་མས་རེ་སྒུག་བྱེད་པའི་ནམ་དུས་ཤིག་ཀྱང་རེད།
སྟོན་དུས་ནི་རི་མོ་ཞིག་དང་འདྲ། སྟོན་དུས་རི་ཀླུང་ཐམས་ཅད་ལ་གསེར་གྱི་བཀྲག་རྩི་བྱུག་པ་དང་འདྲ་བར་སེར་ལམ་ལམ་བྱེད། ཞིང་ནང་གི་ལོ་ཏོག་དང་ལྕང་མའི་ལོ་མ། རྩྭ་ཐང་སོགས་ཐམས་ཅད་ཀྱི་ཐམས་ཅད་སེར་པོར་གྱུར་འདུག སྟོན་དུས་ཀྱི་ཞོགས་པ་ཞིག་ལ། ང་རང་ཁྱིམ་ནས་ཞིང་ནང་དུ་ཡོང་བ་ཡིན། མི་རྣམས་ཞོགས་སྔ་ལངས་བྱས་ཏེ་སྟོན་ལས་བྱེད་ཀྱིན་འདུག ལམ་བར་དུ་ལྕང་མའི་ལོ་མས་ཁེངས་འདུག་པས་རྒྱང་ནས་བལྟས་ཚེ། ས་གདན་རིང་པོ་ཞིག་བཏིང་པ་དང་ཀུན་ནས་མཚུངས། ང་རང་ཞིང་ནང་དུ་སླེབས་དུས་ཞིང་པ་རྣམས་མཉམ་དུ་བཙས་གླུ་སྙན་པོ་རེ་ལེན་གྱིན་ལས་ལ་བྲེལ་བཞིན་འདུག
ཕྱི་དྲོ་ལོ་ཏོག་བསྡུས་ཚར་དུས། སོ་ནམ་པ་ཚོའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་འདུག་པས། ངའི་བསམ་པར་དེ་ནི་ཁོ་ཚོས་དཀའ་ལས་བརྒྱབ་པར་འབྲས་བུ་བཟང་པོ་ཐོབ་པའི་རྐྱེན་གྱིས་རེད་སྙམ།
ཨེ་མ། ང་རང་སྟོན་ཁ་ལ་དགའ། མ་གཞི་སྟོན་དུས་དཔྱིད་ཀ་ནང་བཞིན་རེ་བས་ཁེངས་པ་དང་། དབྱར་ཁ་ནང་བཞིན་ཡིད་དབང་འཕྲོག་པ་ཞིག་མེད་ཀྱང་། སྟོན་དུས་ནི་འབྲས་བཟང་གིས་ཕྱུག་པའི་ནམ་དུས་ཤིག་ཡིན་པས། མི་ཚང་མས་དགའ་པོ་བྱེད་ཀྱི་ཡོད།
ལོ་རིམ་བདུན་པའི་འཛིན་གྲྭ་བཞི་པ། དོན་གྲུབ་པད་མ།
ནམ་དུས་སྟོན་ཁ་ཤར་བའི་དུས་སུ་རི་མགོ་ཐམས་ཅད་སེར་པོར་གྱུར། དེས་ན། ང་ནི་ནམ་དུས་སྟོན་ཁར་ཧ་ཅང་དགའ།
སྟོན་ཁ་སླེབས་རྗེས། སོ་ནམ་པ་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ངང་ནས་ལོ་ཏོག་བསྡུ་བཞིན་ཡོད། འོན་ཏེ། སྟོན་ཁ་ནི་མི་ཚང་མའི་སེམས་ལ་དགའ་སྣང་སྐྱེ་བའི་དུས་ཚིགས་ཤིག་མ་ཡིན་ཏེ། ལོ་ལེགས་བྱུང་བའི་མི་རྣམས་དགའ་ཚོར་བྱེད་པ་དང་། ལོ་ལེགས་དེ་ཙམ་མ་བྱུང་བའི་མི་རྣམས་བློ་ཕམ་བྱེད་ཀྱི་ཡོད།
ཡང་མི་འགའ་ཞིག་ནི་ལོ་ལེགས་བྱུང་མིན་ལ་མ་བལྟོས་པར་སྟོན་ཁར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཁོ་ཚོས་ནམ་ཞག་འཁོར་བའི་རྒྱུན་དུ་དཀའ་སྤྱད་འབད་བརྩོན་བྱེད་ཀྱི་ཡོད་སྟབས། སྟོན་ཁར་ཡིད་ཆེས་ཀྱིས་ཁེངས་ཡོད། ངའི་ངོས་ནས་བརྗོད་ན། སྟོན་ཁ་ནི་སླེབས་མགྱོགས་པ་དང་འགྲོ་མགྱོགས་པའི་ནམ་དུས་ཤིག་རེད། གང་ཡིན་ཟེར་ན། སོ་ནམ་པ་ཚོས་ལོ་ཧྲིལ་པོར་དཀའ་བ་དུ་མ་སྤྱད་པའི་རེ་བའི་འབྲས་བུ་སྟོན་ཁ་གཡུལ་ཁའི་ནང་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བསྡུ་བཞིན་འདུག་ལ། དེ་དང་ཕྱོགས་མཚུངས་སེམས་ཅན་རྣམས་ཤ་ཤེད་ལེགས་པར་རྒྱས་ནས་བཙས་མ་བརྔས་ཟིན་པའི་ཞིང་ཐང་ཡངས་པོའི་ཕང་བར་ཕར་འགྲོ་ཚུར་འོང་བྱེད་ཅིང་། གཡུ་ལྟར་སྔོ་བའི་སྤང་ལྗོངས་དང་ལྗོན་ཤིང་གི་ལོ་འདབ་རྣམས་རིམ་བཞིན་སེར་པོར་གྱུར་པ་དང་། སྟོན་རླུང་དལ་བུར་ལྡང་བ་དང་བསྟུན་ནས་ལོ་འདབ་ཕྱོགས་བཅུར་ཁྱེར་བའི་རྣམ་པ་ནི་ཀུན་ལ་སྟོན་ཁ་སླེབས་སོང་ཞེས་བརྗོད་པ་དང་གཉིས་སུ་མེད།
ང་རང་སྟོན་ཁ་ལ་དགའ། ལོ་ལེགས་ཀྱི་སྟོན་ཁ་ལ་དགའ།
ལོ་རིམ་བདུན་པའི་འཛིན་གྲྭ་གསུམ་པ། ཚེ་བརྟན་ལྷ་མོ།
དུས་ཚོད་ནི་དེ་འདྲའི་འགྲོ་མགྱོགས་པ་ལ་ཨང་། འཁྱུག་ཙམ་ཞིག་ལ་སྟོན་གྱི་ནམ་ཟླ་མིག་ལམ་དུ་འཆར་བྱུང་།
ཉིན་རེ་ལས་ཉིན་རེ་མ་འདས་པར་སྐྱེ་དངོས་ཡོད་ཚད་ཀྱི་ཁ་དོག་སེར་པོར་གྱུར། ཨ་ཁུ་ཞིང་པ་རྣམས་ཀྱིས་དབྱར་གྱི་དུས་སུ་གནམ་གཤིས་གང་འདྲ་ཞིག་ཡིན་མིན་ལ་མ་བལྟོས་པར་ས་ཞིང་ལ་བདག་སྐྱོང་ལེགས་པར་བྱས་སྟབས། ད་ལྟ་སྟོན་གྱི་དུས་སུ་འབྲས་བུ་གཡུར་དུ་ཟ་བ་སྨིན་པས་དགའ་བའི་གདོང་ལས་བཅོས་མིན་གྱི་འཛུམ་མདངས་འཕྱུར་བཞིན་འདུག
ང་རང་སྟོན་གྱི་ནམ་ཟླ་ལ་དགའ། བྲེལ་འཚུབ་ཀྱིས་ཁེངས་པའི་དུས་བཟང་འདིར་ཤིན་ཏུ་དུང་།
ལོ་རིམ་བརྒྱད་པའི་འཛིན་གྲྭ་གཉིས་པ། བསྟན་འཛིན་ཆོས་སྒྲོན།
སྟོན་དུས་ཀྱི་རྣམ་པ་མཛེས་སྡུག་ལྡན་ལ་ཡིད་དུ་འོང་བ་ཞིག་ཡོད་པས། ང་ཡི་སེམས་སུ་སྟོན་དུས་ནི་ཧ་ཅང་དགའ་འོས་པའི་ནམ་དུས་ཤིག་ཡིན། དཔྱིད་ཀྱི་དུས་སུ་མི་རྣམས་ཀྱིས་དཀའ་བའི་ལས་ལ་རེ་བའི་ས་བོན་བཏབ་ཡོད་པས། ད་ལྟ་སྟོན་ཁའི་སྐབས་སུ་ལོ་ཏོག་ལ་འབྲས་བུ་སྨིན་ནས་འབྲས་བཟང་བསྡུ་བའི་དུས་སུ་སླེབས་ཡོད།
སྟོན་དུས་སུ་ས་གཞི་ཐམས་ཅད་གསེར་གྱི་གྱོན་ཆས་གོན་པ་བཞིན་སེར་མདོག་ཏུ་གྱུར་འདུག མཐའ་འཁོར་གྱི་རི་བོ་རྣམས་དབྱར་ཉམས་ཤོར་ཞིང་། གྲང་ངད་ཀྱི་རྐུན་པོ་འཇབ་ནས་འོངས་མོད། སོ་ནམ་པ་ནི་དེ་དག་ལ་སྣང་བ་ཅི་ཡང་མེད་པར་དཀའ་སྤྱད་ཀྱི་འབྲས་བུ་བསྡུ་བའི་དུས་སུ་སླེབས་སོང་སྙམ་ནས་དགའ་སྤྲོ་རབ་ཏུ་འཕེལ་བཞིན་འདུག
སྟོན་ཁ་ནི་ངའི་ངོས་ནས་བརྗོད་ན། ཧ་ཅང་ཡིད་དབང་འཕྲོག་ཅིང་ལྟ་ན་སྡུག་པ་ཞིག་ཡིན་པས། སྟོན་ཁའི་རྣམ་པར་དགའ་སྣང་ཆེ། ངས་ལོ་ཏོག་རྣམས་སེར་ཐིང་ཐིང་དུ་གྱུར་བའི་རྣམ་པ་མཐོང་དུས། དེ་ཚོ་ནི་དམག་མི་དང་འདྲ་བར་ཆར་རླུང་གདོང་གིས་བསུས་ནས་མི་རྣམས་སྲུང་སྐྱོབ་བྱེད་པ་དང་འདྲ། སྟོན་དུས་ནི་དབྱར་དུས་དང་འདྲ་བར་ཚོན་མདོག་རྣམ་པར་བཀྲ་བ་ཞིག་མེད་ནའང་། སྟོན་དུས་ལ་དུས་ཚིགས་གཞན་ལ་མེད་པའི་དགེ་མཚན་མང་པོ་ལྡན་ཡོད་པས། ང་རང་འབྲས་ལྡན་གྱི་དུས་འདིར་སྙིང་ནས་མགུའོ།
ལོ་རིམ་བདུན་པའི་འཛིན་གྲྭ་གསུམ་པ། བཀྲ་ཤིས་ལྷ་སྒྲོན།
དུས་ཚོད་ཀྱི་འཁོར་ལོ་འཁོར་དྲགས་པས་ནམ་དུས་སྟོན་ཁ་མགྱོགས་ནས་མྱུར་དུ་སླེབས་ཏེ། སེར་མདོག་གི་ཡུལ་ལྗོངས་ཤིག་ང་ཚོའི་མིག་ལམ་དུ་འཆར། སྟོན་ཁ་སླེབས་པས་རྩྭ་དང་རྩི་ཤིང་གི་ལོ་མ་སེར་པོར་གྱུར་པ་དང་། རིམ་བཞིན་གནམ་གཤིས་ཀྱང་གྲང་དུ་ཕྱིན།
སྟོན་ཁ་ནི་ལོ་ལེགས་བསྡུ་བའི་ནམ་དུས་ཡིན་པས་མི་རྣམས་ཀྱིས་སྟོན་ཁར་འབྲས་ལྡན་གྱི་དུས་ཞེས་འབོད། ཞིང་པའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་བཙས་མ་རྔ་བའི་ལས་ལ་ལྷག་པར་བྲེལ།
སྟོན་དུས་ཞིང་ནང་ནས་ལོ་ཏོག་གི་སྙེ་མས་སེར་ལམ་ལམ་བྱེད་པ་དང་། ད་དུང་བྱ་བྱིའུ་རྣམས་ལྷོ་ཕྱོགས་སུ་འཕུར་བའི་གྲ་སྒྲིག་བྱེད་བཞིན་གདའ། སྟོན་གྱི་ནམ་མཁའ་ནི་གཡའ་དག་པའི་མེ་ལོང་ཞིག་དང་འདྲ། སྟོན་གྱི་ས་གཞི་ནི་རིན་ཆེན་གསེར་གྱི་རྒྱན་ཆས་རབ་ཏུ་བརྒྱན་པ་ལྟར་མཛེས་སྡུག་གི་འཕྱོར་སྒེག་ཀུན་ལ་ངོམས།
ཞིང་པ་ཚོའི་ངོས་ནས་བརྗོད་ན། སྟོན་དུས་ལོ་ཏོག་སྨིན་པ་ནི་རང་ཉིད་ཀྱིས་ལོ་ཧྲིལ་པོར་དཀའ་བ་དུ་མ་སྤྱད་པའི་ལས་ལ་འབྲས་བཟང་བཏགས་པ་ཞིག་རེད།
ང་རང་སྟོན་ཁ་ལ་ཧ་ཅང་དགའ། གང་ཡིན་ཟེར་ན། སྟོན་ཁར་ལོ་ཏོག་དང་ཤིང་ཏོག་སོགས་ཚང་མར་འབྲས་བུ་སྨིན་པས་མི་ཚང་མའི་སེམས་ལ་དགའ་ཚོར་གྱིས་ཁེངས་ཀྱི་ཡོད།
ལོ་རིམ་བརྒྱད་པའི་འཛིན་གྲྭ་གསུམ་པ། པ་སངས་ཆོས་ཉིད།
ནམ་དུས་སྟོན་ཁ་ནི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱི་རི་མོ་ཞིག་རེད་ལ། དཀའ་ངལ་ཆེ་བའི་དུས་ཤིག་ཀྱང་རེད།
སྟོན་ཁའི་དུས་སུ་སོ་ནམ་པ་རྣམས་ཀྱིས་ཟས་བརྗེད་གཉིད་ཆག་ངང་ནས་བཙས་མ་རྔ་བ་དང་། ཞོག་ཁོག་རྐོ་བ་སོགས་ལོ་ལེགས་ཀྱི་འབྲས་བུ་བསྡུ་བའི་ལས་ལ་བྲེལ་བཞིན་ཡོད། སྐབས་དེར། ས་གཞི་ཚང་མ་སེར་པོར་གྱུར་བ་དང་། ལྕང་མའི་ལོ་འདབ་ཀྱང་སེར་པོར་གྱུར་ནས་ས་ལ་ལྷུང་འགྲོ་ཞིང་། འདབ་ཆགས་ཀྱི་ཚོགས་རྣམས་ཀྱང་ལྷོ་མོན་ཡུལ་ཕྱོགས་སུ་དགུན་སྒྲོལ་དུ་འཕུར་འགྲོ། གནམ་གཤིས་རིམ་བཞིན་གྲང་དུ་སོང་བ་དང་བསྟུན་ནས་ས་གཞིའི་མངལ་གྱི་སྲོག་ཆགས་ལ་ལ་དགུན་ཉལ་ལ་ཞུགས་པ་དང་། ལ་ལ་གར་སོང་ཆ་མེད་དུ་གྱུར་ནས་ཁོར་ར་ཁོར་ཡུག་ཀྱང་རིམ་གྱིས་ལྷིང་འཇགས་སུ་གྱུར་བའི་སྣང་བ་ཤར།
ནམ་དུས་སྟོན་ཁར་བྲེལ་བ་ཚ་ཤོས་ནི་སོ་ནམ་པ་རྣམས་ཡིན་ཞིང་། སྐབས་དེར་ཁོ་ཚོ་ནི་མགོ་ལ་མེ་ཤོར་ཡང་འཕུར་ཁོམ་མེད་པ་ལྟར་སྣང་།
ང་རང་སྟོན་དུས་ལ་དགའ། སྟོན་དུས་ནི་ངའི་སེམས་ནང་ཆེས་མཛེས་ཤོས་ཀྱི་ནམ་ཟླ་ཞིག་ཡིན། སྟོན་དུས་ཀྱིས་མི་རྣམས་ལ་བདེ་བ་གསར་པ་རེ་སྦྱིན་པར་བྱེད།
ལོ་རིམ་བདུན་པའི་འཛིན་གྲྭ་གཉིས་པ། འཆི་མེད་གཡང་སྒྲོན།
དེ་ནི་སྟོན་ཁའི་ནམ་དུས་ཤིག་རེད། ནང་མི་ཚང་མ་ཞིང་ཁའི་ནང་དུ་སྟོན་ལས་ལ་ཕྱིན་ཏེ་བྲེལ་བྲེལ་འཚུབ་འཚུབ་ངང་ནས་ལོ་ཏོག་བསྡུ་བཞིན་མཆིས།
ལོ་ཏོག་སྐྱེ་འཚར་ཡག་པོ་བྱུང་བའི་སོ་ནམ་པ་རྣམས་ཀྱི་གདོང་ལས་དགའ་བའི་འཛུམ་མདངས་མངོན་བཞིན་འདུག་ལ། ལོ་ཏོག་ལ་འབྲས་བུ་དེ་ཙམ་ལེགས་པོ་བྱུང་མེད་པའི་མི་འགའ་ཞིག་གིས་སྟོན་ཁ་སླེབས་པར་སུན་སྣང་གི་རྣམ་འགྱུར་ཞིག་སྟོན་བཞིན་འདུག
ང་ཚོ་ཕྲུ་གུ་ཚོ་ནི་སྟོན་ཁའི་ཡུལ་ལྗོངས་ལ་ཧ་ཅང་དགའ་པོ་ཡོད་ལ། དེ་བས་ལོ་ལེགས་ཀྱིས་ཕྱུག་པའི་སེར་མདོག་གི་སྟོན་ཁ་ལ་དགའ་པོ་ཡོད། སྟོན་ཁ་སླེབས་པས། ཡངས་པའི་འཛིན་མའི་ཁྱོན་ལ་སྔར་མེད་ཀྱི་མཛེས་སྡུག་ཅིག་གིས་ཁེངས་ནས་འདུག་ཨང་།
སྟོན་ཁ་ལ་དགའ། ང་རང་སེར་མདོག་གིས་བཀླུབས་པའི་སྟོན་ཁ་ལ་དགའ། ལོ་ལེགས་ཀྱི་འབྲས་བུས་བརྒྱན་པའི་སྟོན་ཁར་ཤིན་ཏུ་དགའ།
ལོ་རིམ་བརྒྱད་པའི་འཛིན་གྲྭ་བཞི་པ། ཚེ་རིང་བདེ་སྐྱིད།
ཨཱ། དུས་ཚོད་ཀྱི་འཁོར་ལོ་བར་མེད་འཁོར་ནས་ལོ་གཅིག་དུས་བཞིའི་ནང་གི་དུས་ཚིགས་གསུམ་པར་སླེབས་སོང་།
སྟོན་ཁ་ནི་ཞིང་པ་རྣམས་ཀྱིས་དཔྱིད་དབྱར་གཉིས་དཔུང་ས་འོག་ཏུ་བཅུག་ནས་ངལ་རྩོལ་བྱས་པའི་འབྲས་བུ་ལག་ཏུ་ལེན་པའི་ནམ་དུས་ཤིག་རེད། དེ་དུས་ཞིང་པ་རྣམས་ཀྱི་བང་བའི་ནང་ལ་གཟིགས་དང་། བང་བ་འབྲུ་སྣ་ལྔ་ཡིས་བྱུར་བུར་ཁེངས་པ་ནི་ཞིང་པ་རྣམས་ལ་ལོ་ལེགས་བྱུང་བའི་རྟགས་རེད།
སྟོན་རླུང་སིལ་སིལ་དུ་ལྡང་གིན་འདུག ས་གཞི་ཡོངས་གསེར་གྱི་ཁུ་བ་བྱུགས་པ་དང་འདྲ་བར་གསེར་ཐིང་ངེར་གནས། ལྗོན་ཤིང་གི་ལོ་མ་སེར་པོ་རེ་རེ་ས་གཞིའི་ཕང་དུ་དལ་བ་དལ་བུར་ལྷུང་བཞིན་འདུག
རེད་ཨང་། སྟོན་ཁ་ནི་བྲེལ་འཚུབ་ཆེ་བའི་ནམ་དུས་ཤིག་རེད་ལ། མཚར་སྡུག་གིས་ཕྱུག་ཅིང་དྲོ་སྐྱིད་ཀྱིས་ཁེངས་པའི་ནམ་དུས་ཤིག་ཀྱང་རེད། ནམ་དུས་འདིར་སོ་ནམ་པས་འབྲས་བཟང་བསྡུ་བའི་རྣམ་པ་ནི་བདག་གིས་དུས་ནམ་ཡང་བརྗེད་མི་སྲིད།
སྟོན་ཁ་ནི་དཀའ་སྤྱད་ཀྱི་ལས་ལ་འབྲས་བཟང་སྨིན་པའི་དུས་ཚིགས་ཤིག་རེད། གལ་སྲིད་ནམ་དུས་འདིས་དྲན་སྐུལ་མ་བྱས་ཚེ། ལེ་ལོ་ཅན་རྣམས་ད་དུང་ཡང་གནམ་ནས་ཤ་བག་ལེབ་ཟགས་རྒྱུར་སྒུག་བཞིན་ཡོད་ངེས།
ང་རང་སྟོན་ཁའི་ཡུལ་ལྗོངས་ལ་ཧ་ཅང་དགའ་ལ། སྟོན་གྱི་འབྲས་བཟང་བསྡུ་བའི་རྣམ་པར་ལྷག་ཏུ་དགའ།