དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་ཡུལ་སྲོལ།
  • རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་། གྲོང་གསེབ་ཡུལ་ལྗོངས་མཛེས་སྡུག་རྣམ་པར་བཀྲ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-01

    འདི་ནི་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།

    ཉེ་ཆར་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་2023ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ཀྱི་མིང་གཞུང་ཡོངས་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ཀྱི་གྲོང་ཚོ་256མིང་གཞུང་ནང་ཚུད་ཡོད། དེའི་ནང་རང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ་དང་། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོ། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་འཁྲུངས་ཁང་གྲོང་ཚོ་བཅས་གྲོང་ཚོ་3ཚུད་ཡོད།

    ད་ཐེངས་མིང་གཞུང་ནང་ཚུད་པའི་རང་ལྗོངས་ཀྱི་གྲོང་ཚོ་གསུམ་གྱི“ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་། ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་བ། གྲོང་སྲོལ་དམངས་སྲོལ་ལེགས་པ། སྤུས་རྟགས་ཀྱི་ཕན་འབྲས་ལེགས་པ”སོགས་ཀྱི་ཁྱད་ཆོས་ལྡན་ཡོད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་རིང་ཁོང་ཚོས་གྲོང་གསེབ་ཀྱི་ཐོན་ཁུངས་དང་། སྐྱེ་ཁམས། རིག་གནས་བཅས་ཀྱི་ལེགས་ཆ་དེ་ཐོན་རྫས་དང་། ཐོན་ལས། དཔལ་འབྱོར་བཅས་ཀྱི་ལེགས་ཆར་བསྒྱུར་ནས། གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་ལྗོངས་ཡོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་ཐུབ་ཡོད།

    འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ། ཁྱིམ་གཞིས་མཛེས་ཤིང་འཚོ་བ་བདེ་སྐྱིད་ལྡན།

    སྟོན་མཇུག་ཏུ་དྲོ་འཇམ་ཉི་འོད་འོག་ལྗོན་ཤིང་གི་ལོ་མ་གསེར་མདོག་ཅན་དུ་གྱུར་བ་དང་བོད་བཟོའི་ཁང་པ་གྲལ་སྟར་འགྲིག་ཅིང་གཙང་སྦྲ་དོད་པ་དེ་ལས་སྡོད་མལ་ལ་འཚམ་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་མངོན།

    ད་ལྟ་ང་ཚོའི་མིག་ལམ་དུ་འཆར་བ་ནི་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ་རེད།

    ཡུལ་ལྗོངས་རི་མོ་ལྟར་མཛེས་པའི་ཁྲང་དཀར་གྲོང་ཚོ་2021ལོར་རང་སྐྱོང་ལྗོངས་ཀྱི“བདེ་སྐྱིད་ལྡན་ལ་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོར”བདམས་པ་དང་། 2022ལོར་རང་སྐྱོང་ལྗོངས་ཀྱི“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཚོར”བདམས་པ། འདི་ལོ“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”དང“རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ”སོགས་ཀྱི་མཚན་སྙན་ཐོབ་པ་རེད། གཟི་བརྗིད་མཚན་སྙན་རབ་དང་རིམ་པ་དེ་དག་ནི་ཁྲང་དཀར་གྲོང་ཚོས“སྐྱེ་ཁམས་ལ་བརྟེན་ནས་གྲོང་ཚོ་སྐྲུན་པ་དང་ལྗང་མདོག་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་གཏོང་བའི”འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་ཀྱིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མེ་ཏོག་ལྡུམ་ར་རྣམ་པའི་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་མཐའ་འཁྱོངས་བྱས་པ་ལས་བྱུང་བ་ཞིག་རེད།

    “སྔོན་ལ་ང་ཚོ་གྲོང་མིའི་ཁྱིམ་གྱི་འགྱུར་ལྡོག་ལ་ལྟ་བར་འགྲོ”གྲོང་ཚོར་སླེབས་མ་ཐག་ཁྲང་དཀར་གྲོང་ཚོའི“དགུ་བཅུ་པའི་ནང་སྐྱེས”ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་པ་སངས་རྡོ་རྗེས་ང་ཚོར་བསུ་བ་ཞུས་བྱུང་།

    ཁོང་གི་རྗེས་སུ་འབྲངས་ནས་ང་ཚོ་ཡུལ་མི་ཚེ་རིང་སྒྲོལ་མའི་ཁྱིམ་དུ་འབྱོར།

    ཚེ་རིང་སྒྲོལ་མའི་ཁྱིམ་གྱི་སྒོ་ར་ཆེན་པོ་མེད་ཀྱང་ཧ་ཅང་གཙང་མ་ཞིག་འདུག མེ་ཏོག་སྣ་ཚོགས་བཞད་པའི་སྒོ་རའི་ནང་འཛུལ་སྐབས་བག་ཕེབས་ཀྱི་ཚོར་སྣང་ཞིག་ངམ་ངམ་ཤུགས་སུ་སྦྱིན།

    སེམས་རྩ་འཁོལ་བའི་ཚེ་རིང་སྒྲོལ་མས་ང་ཚོ་ཁང་པའི་ནང་དུ་བསུས་ཤིང་། “དེ་སྔ་དང་བསྡུར་ན་ད་ཆ་ང་ཚོའི་གྲོང་ཚོའི་དུད་ཚང་ཚང་མས་ཁོར་ཡུག་གཙང་སྦྲར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ང་ཡང་ཁོམ་པ་བྱུང་མ་ཐག་ཁྱིམ་གྱི་མེ་ཏོག་དང་རྩྭ་ལ་གཡོག་བྱེད་པར་དགའ་པོ་ཡོད། མེ་ཏོག་སྣ་ཚོགས་བཞད་པ་མཐོང་སྐབས་སེམས་པའང་ཧ་ཅང་སྐྱིད་པོ་འདུག ད་ཆ་གྲོང་ཚོའི་ནང་གི་མི་མང་པོ་ཞིག་གིས་རང་ཁྱིམ་གྱི་སྒོ་རའི་ནང་མེ་ཏོག་སྣ་ཚོགས་བཏབ་ཡོད། མེ་ཏོག་དེ་ཚོའང་ཡུལ་མི་ཚོའི་ཁྱིམ་གྱི་མེད་དུ་མི་རུང་བའི་མཛེས་རྒྱན་ཞིག་ཏུ་གྱུར་ཡོད”ཅེས་ཚེ་རིང་སྒྲོལ་མས་བཤད།

    “ད་ཆ་ཁྱིམ་དུ་ཆུ་ཚ་པོ་སྤྱོད་ཆོག་ཆོག་ཡོད་པས་ང་ཚོ་ནང་མི་ཚང་མ་རྫོང་གྲོང་དུ་གཟུགས་པོ་འཁྲུ་བར་འགྲོ་དགོས་ཀྱི་མེད་སྟབས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཚེ་རིང་སྒྲོལ་མས་གསར་དུ་བསྐྲུན་པའི་ཁྲུས་ཁང་ལ་མཛུབ་མོ་བཙུགས་ནས་བཤད།

    ཚེ་རིང་སྒྲོལ་མའི་སྐྱིད་ལ་གཙང་སྦྲ་དོད་པའི་ཁྱིམ་ཚང་གི་ཁོར་ཡུག་ནི་ཁྲང་དཀར་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་གསར་པའི་མཚོན་ཚུལ་ཞིག་རེད། སྐྱེ་ཁམས་དར་རྒྱས་གཏོང་བའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་ཁོར་ཡུག་སྲུང་སྐྱོང་གི་འཕྲོད་བསྟེན་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་བསྟུན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་དེ་གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་ཀྱི་ཐུན་མོང་གི་བྱ་སྤྱོད་ཅིག་ལ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང“སྲིད་གཞུང་གིས་ཁྲིད་སྟོན་དང་། གྲོང་ཚོ་ཨུ་ལྷན་གྱིས་སྒྲིག་འཛུགས། མང་ཚོགས་ཀྱིས་མ་དངུལ་བསྡུ་སྒྲིལ། ནོར་སྲིད་ཀྱིས་ཁ་གསབ་སྤྲོད་པ”བཅས་ཀྱི་བྱེད་ཐབས་སྤྱད་དེ་ཁྲང་དཀར་གྲོང་ཚོས་མི་ཕྱུགས་ལོགས་དབྱེའི་བ་ཚང་40བསྐྲུན་པ་དང་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་2320ཟིན་ཡོད། གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་176གི་གསང་སྤྱོད་སྒྱུར་བཀོད་བྱས་ནས་ཁྱབ་ཚད་93%ཟིན་ཡོད། འདི་ལོའི་ལོ་མཇུག་ཏུ་གྲོང་ཚོ་ཡོངས་སུ་སྤྱོད་རྒྱུ་དང་། གསང་སྤྱོད་དང་ཐབ་ཚང་ལ་ཆུ་ཀ་ལ་ཁྲིད་པའི་བྱ་སྤྱོད་ཀྱང་གྲོང་ཚོ་དེ་ཡོངས་ཀྱི་ཞིང་དུད་ཕྱེད་ཀ་ཙམ་ལ་ཁྱབ་རྒྱུ་རེད།

    སྐྱེ་ཁམས་འཛུགས་སྐྱོང་ལས་ཁོར་ཡུག་ལ་འགྱུར་ལྡོག་བཏང་བ་ཙམ་མ་ཟད། ད་དུང་ཡུལ་མིར་ཕྱུག་འགྱུར་འབབ་འཕར་ཡོང་བའི་ཐབས་ལམ་ཡང་རྒྱ་ཆེར་གཏོང་རོགས་བྱས་ཡོད། ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱས་པ་དང་སྡོང་ཕྲུག་རྟེན་གཞི་འཕེལ་རྒྱས་བཏང་བས་ཁྲང་དཀར་གྲོང་ཚོའི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་དཔལ་འབྱོར་ཕན་འབྲས་ཐོབ་ཡོད། “ལྗོངས་ཡོངས་ཀྱི་གཙོ་གནད་ས་ཁོངས་སུ་ཤིང་འཛུགས་ནགས་བཟོའི་ལས་གྲྭ”གོ་སྐབས་སུ་བྱས་ཁར། 2014ལོར་བཙུགས་པའི་སྡོང་ཕྲུག་རྟེན་གཞིར་བརྟེན་ནས་དམངས་ཡོངས་ཀྱིས་ཤིང་འཛུགས་ཧུར་ཐག་བྱས་ནས། སྡོང་ཕྲུག་ལྷོ་ཁའི་རྫོང་དང་ཆུས་མང་པོར་བཙོངས་པ་མ་ཟད། ད་དུང་གྲོང་ཚོ་དེ་གའི་ནགས་སའི་རྒྱ་ཁྱོན་ཡང་མུའུ་6500བར་ཆེ་རུ་བཏང་ཡོད།

    གྲོང་མི་པ་སངས་ཀྱིས་སྡོང་ཕྲུག་རྟེན་གཞིར་ལས་ཀ་ལོ་7བྱས་པ་དང་ད་ཆ་ཟླ་རེར་ཡོང་འབབ་སྒོར་3000ཡོད། དེའི་ཐད་ཁོང་མོས་པ་ཆེན་པོ་བྱུང་ཡོད། ཁོང་གིས“སྡོང་ཕྲུག་རྟེན་གཞིར་ལས་ཀ་བྱས་ན། ཟླ་རེར་ཡོང་འབབ་བརྟན་པོ་རག་གི་འདུག ལོ་ཤས་རིང་སྡོང་ཕྲུག་རྟེན་གཞིར་བཏབ་པའི་སྡོང་ཕྲུག་ཚང་མ་ལྗོན་ཤིང་ཆེན་པོར་ཆགས་པ་དང་རྟེན་གཞིའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གྲོང་ཚོ་སྔར་བས་མཛེས་སུ་ཕྱིན་པ་མ་ཟད། ཚང་མ་མཉམ་དུ་ཕྱུག་པོ་ཆགས་པར་སྣེ་ཁྲིད་ཀྱང་ཐུབ་ཡོད”ཅེས་བརྗོད།

    “སྡོང་ཕྲུག་རྟེན་གཞི་ནས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཡོང་གི་ཡོད། སྡོང་ཕྲུག་རྟེན་གཞིའི་ནང་གི་སྡོང་ཕྲུག་ཚང་མ་མང་ཚོགས་ཀྱི་ཡོང་འབབ་འཕར་བའི‘དཔག་བསམ་ཤིང’ལྟ་བུར་གྱུར་ཡོད”ཅེས་ཁྲང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་བརྗོད།

    སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོར། ཨ་རག་གི་དྲི་ཞིམ་འཐུལ། ཚྭ་ཞིང་གི་ཐོན་འབབ་བཟང་།

    འཇང་མི་རིགས་ཤང་གི་ཤར་རྒྱུད་དུ་ཆགས་པའི་འཇང་གྲོང་ཚོ་ནི་རྫ་ཆུའི་འགྲམ་དུ་གནས་ཤིང་། སྨར་ཁམས་རྫོང་གྲོང་དང་བར་ཐག་སྤྱི་ལེ་110ཡོད། དེ་གའི་སྐམ་ཤས་དང་ཚ་གདུག་ཆེ་བའི་ལུང་ཤུར་གྱི་གནམ་གཤིས་ཀྱིས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་མཐུན་རྐྱེན་བསྐྲུན་ཡོད།

    འདི་ལོའི་ཟླ་བརྒྱད་པར་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོ་གྲུབ་འབྲས་ཐོབ་པའི་ངང“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོར”བདམས་པ་རེད།

    འཇང་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་པ་དང་རྨོ་ཞིང་རྒྱ་ཁྱོན་མུའུ་856.1ཡོད། མིག་སྔར་གྲོང་ཚོ་ཡོངས་ལ་དུད་ཚང་290དང་མི་1286ཡོད་པ་དང་ཚྭ་ཞིང་950ཡོད། ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཚྭ་ལས་དང་། ཨ་རག་སྙོལ་བའི་ལས་རིགས། འདེབས་འཛུགས་ལས་རིགས་སོགས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ཁྱིམ་ཚང་ཚང་མར་རང་ཉིད་ཀྱི་ཐོན་ལས་ཡོད་པ་དང་། སྔོ་ཚལ་འདེབས་ཁྱོན་མུའུ་332.12ཟིན་པ། རྒུན་ཆང་གི་གྲགས་ཅན་ཁེ་ལས་2ཡོད།

    ཉེ་བའི་ལོ་ཤས་རིང་རྒུན་འབྲུམ་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་ཆེད། འཇང་གྲོང་ཚོའི་ཏང་ཀྲི་པུས“གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་། འཕྲུལ་ཆས་ཅན་གྱི་ལས་སྣོན། མཐུན་སྦྱོར་ཅན་གྱི་ཉོ་སྒྲུབ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལྟར“ཀྲི་པུའུ་དང་། མཐུན་ཚོགས། ཁེ་ལས། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ལ་གཞིགས་ནས་རྒུན་འབྲུམ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒུན་འབྲུམ་མཐུན་ཚོགས་བཙུགས་པའི་རྨང་གཞིའི་ཐོག་ལག་རྩལ་གསོ་སྦྱོང་དང་། དྲིལ་བསྒྲགས་ཁྱབ་གདལ། རྒྱ་སྟོབས་ཆེར་གཏོང་བཅས་ལ་ཤུགས་སྣོན་བརྒྱབ་ཡོད། མིག་སྔའི་བར་གྲོང་ཚོ་དེའི་རྒུན་འབྲུམ་འདེབས་ཁྱོན་མུའུ་600ཟིན་པའི་ནང་གཞི་ཁྱོན་ཅན་གྱི་འདེབས་འཛུགས་མུའུ་494.11ཟིན་པ་དང་། འདི་ལོ་རྒུན་འབྲུམ་ཐོན་ཚད་ཏུན་60ལྷག་ཙམ་ཟིན་ནས་དུད་ཚང་160ཚང་མར་ཆ་སྙོམས་འབབ་འཕར་སྒོར་3750བྱུང་ཡོད།

    འཇང་གྲོང་ཚོར“ཚྭ་ཁྲོན”ཞེས་འབོད་སྲོལ་ཡོད་ཅིང་། ཡུལ་དེ་ནས་ཚྭ་ཐོན་པས་མིང་དེ་ལྟར་ཐོགས་པ་མ་ཟད་ཇ་རྟའི་ཚོང་ལམ་གྱི་མུ་ཏིག་ལྟ་བུ་ཞིག་ཡིན་པ་དང་ད་བར་ལོ་ངོ་1300ཡི་ཚྭ་ཐོན་སྐྱེད་ཀྱི་ལོ་རྒྱུས་ལྡན་ཡོད། དེའང་ཚྭ་སྐམ་པོ་བཟོ་སྐབས་ཉི་སྐམ་གཏོང་གི་ཡོད་པས་ཐབས་ཤེས་དེ་ནི་འཛམ་གླིང་ཐོག་འགྲན་ཟླ་བྲལ་བ་ཞིག་རེད། མིག་སྔར་གྲོང་ཚོ་དེར་ཚྭ་ཞིང་950ཡོད་པ་དང་། དུད་ཚང་20ཡིས་ལོ་རེར་ཚྭ་ཏུན་300ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པས་དེ་ནི་ཡུལ་དེ་གའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེས་ཚྭ་ཁ་ལྷོ་རྟེན་མཛོད་ཁང་དང་། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ། གྲོང་ཚོའི་དཔེ་དེབ་ཁང་སོགས་རིག་གནས་བྱེད་སྒོ་སྤེལ་ཡུལ་བསྐྲུན་ནས་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ད་དུང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་པི་ཝང་གི་རྒྱུན་འཛིན་པ་ཚེ་རིང་དབང་འདུས་དང་། རྒྱལ་ཁབ་རིམ་པའི་ཚྭ་བཟོའི་རྒྱུན་འཛིན་པ་སྒྲོལ་མ་གཡང་འཛོམས། སྒྲ་སྙན་གྱི་རྒྱུན་འཛིན་པ་ཡར་འཕེལ་སོགས་རིག་གནས་ཀྱི་གྲགས་ཅན་མི་སྣ་ཡང་ཐོན་ཡོད། ཤེས་ལྡན་པ་གསོ་སྐྱོང་ཐད་ཡུལ་དེ་ནས་སྔ་རྗེས་སུ་སློབ་གྲྭ་ཆེ་མོ་བ་6000ལྷག་ཙམ་ཐོན་ཏེ་ལྗོངས་ཡོངས་ཀྱི་ལས་རིགས་ཁག་གི་འཕེལ་རྒྱས་ལ་འཇང་གྲོང་ཚོའི་ཡུལ་མིའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    འདི་ནི་འཇང་གྲོང་ཚོའི་གྲོང་མིས་ཚྭ་ཞིང་གི་འགྲམ་དུ་གླུ་ལེན་གར་འཁྲབ་བྱེད་བཞིན་པ།

    འདི་ནི་འཇང་གྲོང་ཚོའི་མང་ཚོགས་ཀྱིས་ཚྭ་ཞིང་ནང་ཆུ་རྒྱོང་བཞིན་པ།

    འདི་ནི་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོའི་མང་ཚོགས་ཚེ་རིང་སྒྲོལ་མས་ཁྱིམ་དུ་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།