དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སྒྱུ་རྩལ་རྩོམ་རིག་ཡིག་སྒྱུར་བྱེད་སྟངས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-01

    སྒྱུ་རྩལ་རྩོམ་རིག་ཡིག་སྒྱུར་ནི་མ་ཡིག་ཏུ་འདུས་པའི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཀྱི་ཚིག་སྦྱོར། དེ་བཞིན་རྩོམ་པ་པོས་ཕྱི་རོལ་ཡུལ་གྱི་བྱ་དངོས་གང་དེར་འཛིན་པའི་དགའ་སྐྱོ་ཆགས་སྡང་གི་བསམ་པའི་བརྩེ་དུང་དང་འཁྱེར་སོ། ལྟ་བ། ཡུལ་ལྗོངས་ཀྱི་བཀོད་འབྲི་སོགས་བུ་ཡིག་ཏུ་བསྒྱུར་བར་བྱ་ཞིང་། དེ་ནི་སྤྱིར་བཏང་གི་རྩོམ་རིག་དང་མི་འདྲ་བར་སྒྱུ་རྩལ་གྱི་ནང་དོན་ངེས་ཅན་འདུས་ཡོད་པས། མ་ཡིག་གི་ནང་དོན་ཇི་བཞིན་བུ་ཡིག་ཏུ་ལོ་ཙཱ་བྱེད་དགོས་པ་གང་ཞིག སྒྱུ་རྩལ་གྱི་ཁྱད་ཆོས་ལའང་དང་དོད་ཆེན་པོ་བྱེད་དགོས་པ་ཡིན། འདི་ལྟར་འཁྱོངས་ཚེ་གཞི་ནས་སྒྱུ་རྩལ་རྩོམ་རིག་གིས་ཀློག་པ་པོའི་བློ་སྒོ་འབྱེད་པ་དང་། སེམས་ལ་གཡོ་འགུལ་ཐེབས་པ། ཡིད་དབང་འཕྲོག་པའི་དགེ་མཚན་མངོན་ཐུབ།

    ཡིག་སྒྱུར་གྱི་ནུས་པའི་ཐད།

    རྩོམ་རིག་འགྱུར་མའི་ལམ་ནས་ང་ཚོས་རྒྱལ་ཁབ་དང་མི་རིགས་གཞན་གྱི་རྩོམ་སྲོལ་དང་། རྩོམ་ཉམས། རྩོམ་པ་པོའི་རྩོམ་གཤིས་རྟོགས་ཐུབ་པ་མ་ཟད། དེར་འདུས་པའི་སྔོན་ཐོན་གྱི་བསམ་བློ་དང་། ཡུལ་གོམས་གཤིས་ལུགས། མིའི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ་སོགས་ལ་རྒྱུས་མངའ་བྱེད་ཆོག་ལ། ང་ཚོས་འགྱུར་མར་གཞིགས་ནས་གཞན་གྱི་རྩོམ་རིག་གསར་རྩོམ་གྱི་ལེགས་ཆར་སློབ་སྦྱོང་བྱས་ཏེ། རང་མི་རིགས་ཀྱི་རིག་གནས་ཀྱི་སྟོང་ཆ་སྐོང་ཆོག གཞན་ཡང་འགྱུར་ཡིག་གིས་རང་མི་རིགས་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ཐེབས་ནས་རང་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར་ལ་དུས་རབས་དང་འཚམ་པའི་གསོན་ཤུགས་སྦྱིན་ཐུབ། དེས་ན། རྩོམ་རིག་ཡིག་སྒྱུར་གྱིས་བོད་ཀྱི་རྩོམ་རིག་གོང་འཕེལ་གཏོང་བར་ཕན་ཆེན་པོ་འདོགས་པ་མ་ཟད། མི་རིགས་གཞན་པའི་ཚན་རིག་དང་། རང་བྱུང་། ཁྲིམས་ལུགས་སོགས་ཀྱི་ཤེས་བྱ་ཇི་སྙེད་བོད་ཀྱི་ཀློག་པ་པོ་ལ་ངོ་སྤྲོད་བྱེད་པར་ནུས་པ་ཆེན་པོ་ཐོན་གྱི་ཡོད།

    སྒྱུར་བྱ་མ་ཡིག་ཐད།

    ལོ་ཙཱ་བ་ཞིག་གི་ངོས་ནས་བཤད་ན། སྒྱུར་བྱའི་མ་ཡིག་ཅིག་ལག་ཏུ་འབྱོར་མ་ཐག་དེའི་རྩོམ་གཤིས་སམ་རྩོམ་གྱི་ངོ་བོར་ཉམས་ཞིབ་མ་བྱས་པར། ལམ་སེང་སྒྱུར་ལ་བྲེལ་བ་ནི་འཚབ་འཚུབ་ཀྱི་བྱེད་སྟངས་ཤིག་རེད། དེ་ལྟར་བྱས་ཚེ་རྩོམ་དེ་ཉིད་སྒྱུར་བའི་བརྒྱུད་རིམ་ཁྲོད་དུ་དཀའ་ངལ་སྣ་ཚོགས་པར་གདོང་གཏད་དགོས་པ་ཨ་ཅང་བརྗོད་མེད་ཡིན་ལ། འགྱུར་ཡིག་གི་སྤུས་ཚད་ལའང་ཤུགས་རྐྱེན་ཐེབས་པ་སྨོས་མི་དགོས་པས། ཐོག་མར་སྒྱུར་བྱ་མ་ཡིག་གི་ངོ་བོའམ་རྩོམ་གཤིས་ལ་ཉམས་ཞིབ་བྱེད་དགོས།

    རྩོམ་རིག་གི་མ་ཡིག་ཅེས་པ་ནི་སྒྱུར་བྱའི་མ་ཡིག་གི་རྩོམ་རིག་གི་བརྩམ་བྱར་གོ་བ་ཡིན་ཏེ། རྩོམ་པ་པོས་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་འཛིན་པའི་དགའ་སྐྱོ་ཆགས་སྡང་གི་བསམ་པའི་བརྩེ་དུང་དེ་བརྗོད་བྱར་བྱས་ནས། དེ་མཚོན་བྱེད་དུ་རྗོད་བྱེད་ཚིག་གི་སྦྱོར་བ་སྣ་ཚོགས་ལ་བརྟེན་ནས་བརྗོད་བྱ་གབ་པ་དང་མངོན་པ་ཅི་རིགས་ཀྱིས་ཀློག་པ་པོར་ངོ་སྤྲོད་བྱས་ཏེ། ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་ནུས་པའི་བརྩམས་ཆོས་ལ་གོ་བ་ཡིན། དེ་ལ་དབྱེ་ན་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག འཁྲབ་གཞུང་རྩོམ་རིག བརྙན་འཕྲིན་འཁྲབ་ཚན་སོགས་ཡོད་ཅིང་། འདིར་གླེང་བའི་རྩོམ་རིག་ནི་སྒྱུ་རྩལ་རྩོམ་རིག་ལ་གོ་བ་ཡིན། རྩོམ་རིག་བརྩམས་ཆོས་སུ་རྩོམ་པ་པོས་དོན་བརྗོད་པའི་ཞོར་དུ་བསམ་པའི་བརྩེ་དུང་ཚུར་སྣང་བྱེད་བཞིན་ཡོད་ཅིང་། སྒྲོ་འདོགས་དང་རྟོག་བཟོ། རང་བཞིན་བརྗོད་པ་སོགས་མཚོན་ཐབས་སྣ་ཚོགས་སྤྱོད་བཞིན་ཡོད་པས། མ་གཞི་རྩོམ་པ་པོས་རྟོག་བཟོར་བརྟེན་ནས་བརྩམས་པ་ཞིག་ཡིན་ཡང་། རྟོག་བཟོ་དེའང་དངོས་ཡོད་འཚོ་བ་རྨང་གཞིར་བཟུང་བ་ཞིག་ཡིན་སྟབས། དངོས་ཡོད་ཀྱི་བདེན་པ་དང་སྒྱུ་རྩལ་གྱི་བདེན་པ་གཉིས་ཀ་འདུས་ཡོད། དེར་བརྟེན། སྒྱུ་རྩལ་རྩོམ་རིག་ཡིག་སྒྱུར་བྱེད་སྐབས། རྩོམ་གྱི་ནང་དོན་མ་འཕྱུགས་མ་ནོར་མ་ལྷག་པར་བསྒྱུར་དགོས་པ་གང་ཞིག རྩོམ་ཉམས་དང་། སྒྱུ་རྩལ་གྱི་མཚོན་ཐབས་སོགས་ལའང་དོ་སྣང་ཆེན་པོ་བྱེད་དགོས་པ་ཡིན།

    རྗོད་བྱེད་ཚིག་སྦྱོར་ཐད།

    རྗོད་བྱེད་ཚིག་སྦྱོར་ཞེས་པ་ནི་རྩོམ་ཡིག་གང་ཡང་རུང་བ་ཞིག་གྲུབ་པར་བྱེད་པའི་ཕྱིའི་རྣམ་པ་སྟེ། བརྗོད་བྱའི་ནང་དོན་མཚོན་བྱེད་དུ་སྤྱད་པའི་སྐད་ཆའི་སྒྱུ་རྩལ་དང་། རྒྱན་སྦྱོར་སྟངས། ཞིབ་འབྲི་དང་ལྷུག་བརྗོད་བྱེད་ཐབས་སོགས་ལ་གོ་བ་ཡིན་པས། རྗོད་བྱེད་ཚིག་སྦྱོར་གྱིས་བརྗོད་བྱའི་ནང་དོན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེང་གི་ཡིག་སྒྱུར་གྱི་ཚད་གཞི་ལྟར་ན། འགྱུར་ཡིག་ལ་དོན་ལ་གནས་པ་དང་། བརྗོད་པ་བདེ་བ། ཚིག་སྙན་པ་བཅས་གསུམ་གྱི་ཁྱད་ཆོས་ཚང་དགོས་ཤིང་། དེའི་ཁྲོད་ཀྱི་དོན་ལ་གནས་མ་གནས་ནི་བརྗོད་བྱའི་ནང་དོན་གྱི་ཆ་ནས་བརྗོད་པ་ཞིག་དང་། བརྗོད་པ་བདེ་བ་དང་ཚིག་སྙན་པ་ནི་རྗོད་བྱེད་ཚིག་སྦྱོར་གྱི་ཐད་ནས་བཤད་པ་ཞིག་རེད་སྙམ། རྩོམ་རིག་བརྩམས་ཆོས་ཀྱི་རིགས་ལ་ཚིག་སྙན་པ་དེ་གཙོ་བོར་འཇོག་ཅིང་། དེ་ལྟར་འཇོག་དོན་ནི། རྩོམ་རིག་བརྩམས་ཆོས་སུ་སྤྱད་པའི་སྐད་ཆའམ་ཚིག་སྦྱོར་ནི་སྒྱུ་རྩལ་གྱི་རང་བཞིན་ངེས་ཅན་ལྡན་པའི་སྐད་ཆ་ཤ་སྟག་ཡིན་པས་རེད་སྙམ། སྤྱིར་རྩོམ་རིག་ལ་སྤྱིར་བཏང་གི་རྩོམ་རིག་དང་སྒྱུ་རྩལ་གྱི་རྩོམ་རིག་གཉིས་སུ་ཕྱེ་ཞིང་། སྒྱུ་རྩལ་རྩོམ་རིག་ལ་སྒྱུ་རྩལ་རང་བཞིན་ཆེན་པོ་ལྡན་དགོས་པ་དང་། དེ་ཡང་གཙོ་བོ་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་དོན་མཚོན་པ་ཞིག་ལས། སྤྱིར་བཏང་གི་རྩོམ་རིག་ལྟར་གཏན་ཚིགས་དང་གསལ་བཤད། ཐད་བརྗོད་སོགས་ཀྱི་སྐད་ཆར་བརྟེན་པ་ཞིག་ག་ལ་ཡིན། དེར་བརྟེན། ཡིག་སྒྱུར་གྱི་ལས་ལ་ཞུགས་སྐབས། ང་ཚོས་མ་ཡིག་གི་ནང་དོན་ཇི་བཞིན་མཚོན་པའི་རྨང་གཞིའི་ཐོག རྩོམ་གྱི་ཉམས་དང་ཁྱད་ཆོས་སོགས་ཀྱང་བུ་ཡིག་གིས་ཇི་བཞིན་མཚོན་ཐུབ་པར་འབད་དེ། བུ་ཡིག་ལའང་མ་ཡིག་དང་འདྲ་བའི་རྩོམ་ཉམས་ཐོན་པར་བྱེད་དགོས།

    སྒྱུར་ཐབས་ཀྱི་ཐད།

    སྤྱིར་རྩོམ་རིག་བརྩམས་ཆོས་ཡིག་སྒྱུར་བྱེད་སྐབས་དོན་སྒྱུར་གྱི་ཐབས་སྤྱོད་མང་བ་ཡིན། རྩོམ་རིག་གི་བརྩམས་ཆོས་ཡིག་སྒྱུར་བྱེད་སྐབས་སྒྱུར་བྱའི་སྐད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་དོན་རྣམས་སྒྱུར་བྱེད་ཀྱི་སྐད་དུ་དོན་གྱི་ཆ་ནས་ཆད་ལྷག་མེད་པར་མཚོན་དགོས་ལ། ཚིག་སྦྱོར་སྙན་པོ་སྤྱད་ནས་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་མངོན་ཐུབ་པར་བྱེད་དགོས། གཞན་ཡང་། མ་རྩོམ་གང་དེ་རིག་ཚན་གང་ལ་གཏོགས་པ་དང་། རྩོམ་ལུས་གང་ཡིན་པ་སོགས་ལ་གཞིགས་ནས་དེ་མཚུངས་ཀྱི་སྒྱུར་ཐབས་གཞན་པའང་འོས་འཚམ་གྱིས་སྤྱད་ཆོག འོན་ཀྱང་། སྒྱུ་རྩལ་རྩོམ་རིག་ལོ་ཙཱ་བྱེད་སྐབས་དོན་སྒྱུར་གྱི་ཐབས་སྤྱོད་པ་ཤིན་ཏུ་མང་བ་དཔེར་ན། “公说公有理,婆说婆有理”ཞེས་པ་བོད་ཡིག་ཏུ། “སྤོ་བོས་བཤད་ན་སྤོ་བོ་བདེན། རྨོ་བོས་བཤད་ན་རྨོ་བོ་བདེན”ཞེས་ཐད་ཀར་བསྒྱུར་ཚེ་དོན་ལ་གནས་རུང་རྩོམ་རིག་སྒྱུ་རྩལ་གྱི་བྲོ་བ་ཡོངས་སུ་ཤོར་བ་རེད། གལ་ཏེ། “བུ་དཀར་པོས་བཤད་ན་དཀར་པོ་བདེན། བུ་ནག་པོས་བཤད་ན་ནག་པོ་བདེན”ཞེས་དོན་སྒྱུར་གྱི་ཐབས་སྤྱད་ཚེ། དོན་དང་མི་འགལ་ལ་བོད་པ་རང་གི་སྐད་ཆའི་ལུགས་དང་མཐུན་པ་མ་ཟད། རྩོམ་གྱི་བྲོ་བའང་ཤོར་གྱི་མེད། དེ་མིན་རྩོམ་རིག་བརྩམས་ཆོས་ཡིག་སྒྱུར་བྱེད་སྐབས་ཐད་སྒྱུར་གྱི་ཐབས་སྤྱད་པའང་ཡོད་དེ། དཔེར་ན། “每一个人都有他自己的理想,但是理想到底指的是什么?这个问题是比较复杂的”ཞེས་པ་བོད་ཡིག་ཏུ། “མི་ཚང་མར་རང་རང་གི་ཕུགས་བསམ་ཞིག་ཡོད་པ་རེད། ཡིན་ནའང་ཕུགས་བསམ་ཟེར་བ་དེ་གང་འདྲ་ཞིག་ཡིན་ཞེ་ན། གནད་དོན་དེ་ནི་རྙོག་འཛིང་ཅུང་ཆེན་པོ་ཞིག་རེད”ཅེས་ཐད་སྒྱུར་བྱས་པའང་ཡོད། ཡང་སྙིང་སྒྱུར་ཐབས་གང་ཞིག་སྤྱོད་མིན་ནི་མ་རྩོམ་གྱི་ནང་དོན་དང་རྣམ་པ་ལ་གཞིགས་ནས་དེ་ལ་དེ་བསྟུན་དང་གང་ལ་ཅི་འགབ་སྤྱོད་དགོས་པ་ལས། མཐའ་གཅིག་ཏུ་དོན་སྒྱུར་བྱེད་པའི་དགོས་པའང་མ་མཆིས་སོ།

    (བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ཚེ་རིང་གཡུ་སྒྲོན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།