དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • བོད་སྐད་རླུང་འཕྲིན་གྱི་སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་པའི་བྱང་ཚད་མཐོར་འདེགས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    དང་པོ། སྙན་སྒྲོན་པའི་སྐད་ཡིག་གི་བྱང་ཚད་སྐོར།

    དེ་ཡང་སྙན་སྒྲོན་པ་ཞིག་ལ་མཚོན་ན། སྙན་སྒྲོན་གྱི་སྐད་ཆའི་སྒྱུ་རྩལ་ལ་དང་དོད་བྱ་རྒྱུ་གལ་འགངས་ཆེ་ཞིང་། གསར་འགྱུར་དང་། ཡིག་ཆ། རྒྱས་འཕྲིན། དེ་བཞིན་སྙན་ངག་དང་བརྩམས་སྒྲུང་སོགས་བརྩམས་ཆོས་གང་དང་གང་ཞིག་བཀླགས་ན་ཡང་དེ་དང་དེའི་བརྗོད་དོན་དང་རྣམ་པ་མི་འདྲ་བ་སོ་སོ་དང་མཐུན་ཞིང་འཚམ་པའི་སྐད་ཆའི་སྒྱུ་རྩལ་གྱི་ཉམས་འདོན་ཤེས་པ་དགོས། དེ་ལྟར་རྩ་བའི་ཆ་རྐྱེན་ནི་སྐད་ངག་བཟང་བའི་རྨང་གཞིའི་ཐོག་ངེས་པར་དུ་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱའི་བྱང་ཚད་མཐོ་པོ་ལྡན་དགོས་པ་དེ་ཡིན། གལ་ཏེ་སྐད་དང་ཡི་གེའི་བྱང་ཚད་དེ་ཙམ་མཐོ་པོ་མེད་ན་གསན་མཁན་གྱིས་དམའ་འབེབས་དང་འཕྱ་སྨོད་བྱེད་པའི་སྐྱོན་མང་པོ་ཐོན་སྲིད། དཔེར་ན། དྲི་བ་ལ་འདྲི་བ་ཞེས་པ་དང་བོད་ལྗོངས་ལ་བོ་ལྗོངས་ཞེས་པ་སོགས་སྒྲ་མི་དག་པའི་སྐྱོན་མང་པོ་ལྡན་པ་ལྟ་བུ་རེད། དེ་ཡང་བརྩམས་ཆོས་གང་འདྲ་ཞིག་བཀླགས་ཀྱང་ཚིག་གི་གཅོད་མཚམས་མ་ནོར་བ་དང་། མིང་ཚིག་དང་ཐ་ན་ཚིག་ཕྲད་ཀྱི་སྒྲ་འདོན་སྟངས་ཙམ་ཡང་མ་ནོར་བར་སུམ་རྟགས་དང་དག་ཡིག་གི་དཔེ་གཞུང་ལྟར་ཡང་དག་པར་བཀླགས་ནས་གསན་པ་པོས་ཐད་ཀར་བརྗོད་དོན་རྟོགས་ཐུབ་པ་བྱ་རྒྱུ་དེ་གཙོ་བོ་ཡིན། དེ་ཡང་སྙན་སྒྲོན་པ་ཞིག་ལ་སྙན་ཞིང་འཇེབས་པའི་སྐད་ཆའི་སྒྱུ་རྩལ་དགོས་པ་གང་ཞིག་ཉམས་འགྱུར་ཕུན་སུམ་ཚོགས་པོ་ཞིག་ཀྱང་དགོས། སྙན་ངག་དང་བརྩམས་སྒྲུང་སོགས་ལ་གང་ལ་གང་འཚམ་གྱིས་བརྗིད་པ་དང་སྒེག་པ་ལ་སོགས་པའི་ཉམས་ཆོས་སོ་སོར་བཏོན་ཏེ་གསན་མཁན་རྣམ་པའི་རྣ་བར་སྙན་ཞིང་ཡིད་ལ་སྤྲོ་བའི་སྐད་ཆའི་སྒྱུ་རྩལ་མངོན་ཐུབ་པར་བྱ་དགོས། དེར་བརྟེན་ཕུལ་བྱུང་གི་རླུང་འཕྲིན་ལེ་ཚན་གཙོ་སྐྱོང་པ་ཞིག་བྱེད་པར་ངེས་པར་དུ་གཞི་རྩའི་བྱང་ཚད་ཐད་ལ་དོ་སྣང་དང་ཡར་རྒྱས་གཏོང་དགོས་པ་དེ་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན།

    གཉིས་པ། གཙོ་སྐྱོང་པའི་བྱང་ཚད་ཅུང་ཟད་གླེང་བ།

    རླུང་འཕྲིན་གྱི་ལེ་ཚན་གཙོ་སྐྱོང་པ་ནི་རྒྱ་ཆེའི་མང་ཚོགས་ལ་དུས་རབས་གསར་པའི་དགོངས་པ་དང་། སྲིད་ཇུས། ཁྲིམས་ལུགས། བདེ་ཐང་སོགས་ཁྲིད་སྟོན་བྱེད་མཁན་གྱི་ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན་པས། གང་དེའི་གཏམ་བརྗོད་ཀྱིས་མི་མང་པོར་ཤུགས་རྐྱེན་ཐེབས་པར་གདོན་མི་ཟ། ལེ་ཚན་གཙོ་སྐྱོང་པའི་བྱང་ཚད་མཐོ་དམན་དེ་ལེ་ཚན་གྱི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། དེ་ནི་རླུང་འཕྲིན་གཙོ་སྐྱོང་པར་ཚང་དགོས་པའི་གཞི་རྩའི་ཆ་རྐྱེན་ཞིག་ཡིན། གལ་ཏེ་སྙན་སྒྲོན་པ་ཞིག་ལ་ཕྱི་རོལ་གྱི་ཆ་རྐྱེན་འཛོམས་ན་ཡང་ནང་རྐྱེན་གྱི་བྱང་ཚད་མ་ལྡན་ཚེ། པར་སྒྲོམ་མཛེས་པོ་ཞིག་གི་ནང་དུ་པར་ཕལ་པ་ཞིག་བཅུག་པ་ལྟ་བུའོ།

    དེར་བརྟེན་ཕུལ་བྱུང་གི་རླུང་འཕྲིན་ལེ་ཚན་གཙོ་སྐྱོང་པ་ཞིག་བྱེད་པར་ངེས་པར་དུ་གཞི་རྩའི་བྱང་ཚད་ཐད་ཀྱི་ཆ་རྐྱེན་ཁ་ཤས་འཛོམས་དགོས་པ་སྟེ། ཆབ་སྲིད་ཀྱི་བྱང་ཚད་དང་། སེམས་ཁམས་ཀྱི་བྱང་ཚད། རིག་གནས་ཀྱི་བྱང་ཚད་སོགས་ཡིན།

    ༡.ཆབ་སྲིད་ཀྱི་བྱང་ཚད།

    སྙན་སྒྲོན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མགྲིན་ཚབ་པ་ལྟ་བུ་ཡིན་པ་དང་སྙན་སྒྲོན་པ་རྣམས་ཀྱིས་ཏང་དང་སྲིད་གཞུང་གི་བྱེད་ཕྱོགས་སྲིད་ཇུས་ཀྱི་དགོངས་དོན་དང་། དེ་བཞིན་རྒྱལ་ཁབ་ཀྱི་ཁྲིམས་ལུགས། རྒྱལ་ཁབ་ཀྱི་དོན་ཆེན་དག་དུས་ཐོག་ཏུ་རླུང་འཕྲིན་ནས་སྙན་སྒྲོན་ཞུ་དགོས། དེ་དག་སྙན་སྒྲོན་གང་འདྲ་བྱུང་མིན་ནི་སྙན་སྒྲོན་པའི་བྱང་ཚད་ལ་རག་ལས་ཡོད། གསར་འགྱུར་ལས་དོན་པ་ཞིག་ལ་མཚོན་ན་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་དེ་རང་ཉིད་ཀྱི་ཆེས་མཐོའི་ཁེ་ཕན་ལ་བརྩི་དགོས་པ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ལ་སྐུལ་འདེད་གཏོང་མཁན་ཞིག་ཆགས་པར་བྱེད་དགོས། དེ་ནི་རྩ་བའི་ཆབ་སྲིད་ཀྱི་བྱང་ཚད་ཅིག་ཡིན།

    ༢.སེམས་ཁམས་ཀྱི་བྱང་ཚད།

    རླུང་འཕྲིན་ལེ་ཚན་གཙོ་སྐྱོང་པ་ཞིག་གི་སེམས་ཁམས་ཀྱི་བྱང་ཚད་མཐོ་དམན་དེ་ལེ་ཚན་གྱི་སྤུས་ཚད་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། ལྷག་པར་དུ། ཐད་གཏོང་ལེ་ཚན་གཙོ་སྐྱོང་བྱེད་པའི་སྐབས་སུ་ངེས་པར་དུ་སེམས་ཁམས་ཀྱི་བྱང་ཚད་མཐོ་པོ་ཞིག་ཡོད་དགོས་ངེས་ཡིན་ཞིང་། དེ་ལྟར་མ་བྱུང་ན་སྔོན་དཔག་གི་འབྲས་བུ་ཐོན་རྒྱུ་ལྟ་ཞོག་དེ་ལས་ལྡོག་སྟེ་སྐབས་རེ་ནོར་འཁྲུལ་ཡང་ཐོན་སྲིད། དཔེར་ན། གཙོ་སྐྱོང་པ་འགའ་ཞིག་མ་གཞི་ཤེས་ཚད་ཧ་ཅང་མཐོ་པོ་ཡོད་ཀྱང་སྐབས་རེ་བྲེལ་འཚུབ་ཆེ་བའི་སྐབས་སུ་དངངས་སྐྲག་ལངས་ནས་ཅི་བྱ་གཏོལ་མེད་དུ་འགྱུར་གྱི་ཡོད། དེ་ཚོ་ཚང་མ་མི་སོ་སོའི་སེམས་ཁམས་ཀྱི་བྱང་ཚད་དང་འབྲེལ་བ་ཡོད་པ་ཞིག་རེད། ཡང་སེམས་ཁམས་ཀྱི་བྱང་ཚད་མཐོ་པོ་ཆགས་ཐུབ་མིན་དེ་དུས་རྒྱུན་རང་ཉིད་ཀྱི་གཤིས་རྒྱུད་དང་། བསམ་བློ་གཏོང་ཕྱོགས། ད་དུང་རང་ཉིད་ལ་ཆེད་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་ཡོད་མེད་དང་འབྲེལ་བ་ཆེན་པོ་ཡོད། དེར་བརྟེན་ལེ་ཚན་དངོས་སུ་གཙོ་སྐྱོང་མ་བྱས་གོང་གི་ལས་ཀ་ཁག་གྲ་སྒྲིག་ལེགས་པོ་བྱས་ནས་ལེ་ཚན་གཙོ་སྐྱོང་བྱེད་པའི་སྐབས་སུ་སེམས་ཁམས་རྣལ་དུ་ཕབ་ཐུབ་ན། སེམས་ཁམས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད།

    ༣.རིག་གནས་ཀྱི་བྱང་ཚད།

    གཙོ་སྐྱོང་པ་ཞིག་བྱེད་པར་ངེས་པར་དུ་རིག་གནས་ཀྱི་རྨང་གཞི་བརྟན་པོ་དགོས། དེ་ནི་ལྕང་སྡོང་ཆེན་པོ་ཞིག་དང་འདྲ་བར་རྩ་བ་ག་ཚོད་ཀྱིས་རྒྱས་པ་དང་བརྟན་ན་དེར་ལོ་འདབ་དེ་ཙམ་གྱིས་སྟུག་པོ་ཞིག་སྐྱེས་པ་ལྟ་བུ་རེད། དེ་ཡང་ཕུལ་བྱུང་གི་ལེ་ཚན་གཙོ་སྐྱོང་པ་མང་ཆེ་བས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཤེས་བྱ་རིག་གནས་ཕུན་སུམ་ཚོགས་སུ་བཏང་མཐར། གཞི་ནས་རང་ཉིད་ལ་གར་སྟེགས་སྟེང་གཡུར་དུ་ཟ་བའི་འབྲས་བུ་ཐོན་པ་ཤ་སྟག་རེད། དེར་བརྟེན། ལེ་ཚན་གང་ཞིག་གཙོ་སྐྱོང་བྱས་ཀྱང་། དེའི་སྐོར་གྱི་ཤེས་བྱར་རྒྱུས་ལོན་བྱེད་པ་ནི་ཧ་ཅང་དགོས་ངེས་ཞིག་ཡིན། གལ་ཏེ་རྒྱུས་མངའ་མེད་ན། གཞན་གྱི་ཟིན་བྲིས་ཀློག་པ་ཙམ་ལས་གསོན་ཉམས་ལྡན་པའི་ལེ་ཚན་ཡག་པོ་ཞིག་གཙོ་སྐྱོང་བྱེད་མི་ཐུབ། ལེ་ཚན་གཙོ་སྐྱོང་པར་ཚང་དགོས་པའི་ཤེས་བྱ་ཡོན་ཏན་ནི་ཆེད་ལས་ཀྱི་ཡོན་ཏན་ཙམ་མ་ཡིན་པར་རིག་ཚན་སྣ་ཚོགས་ལ་རྒྱུས་མངའ་ཆེ་བ་ཞིག་ཡིན་དགོས། དེར་བརྟེན། ལེ་ཚན་གཙོ་སྐྱོང་པར་མཚོན་ན་དུས་དང་རྣམ་པ་ཀུན་ཏུ་ཤེས་བྱ་གསོག་འཇོག་དང་ལྟ་རྒྱ་ཐོས་རྒྱ་ཇེ་ཆེར་གཏོང་དགོས་པ་ནི་གལ་ཆེ་བ་ཞིག་ཡིན།

    གསུམ་པ། སྙན་སྒྲོན་པའི་སྐད་གདངས་དང་ནུས་པའི་སྐོར།

    རང་རེའི་བོད་སྐད་རླུང་འཕྲིན་བྱ་གཞག་གི་གྲུབ་འབྲས་ནི་མེད་པ་ནས་ཡོད་པར་དང་ཡོད་པ་ནས་དར་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་ལྡོག་མེད་ཀྱི་འབྲས་བུ་ཞིག་ཡིན། སྙན་སྒྲོན་པ་ཞིག་གི་ངོས་ནས་བོད་སྐད་སྒྲ་ཟུར་མ་ཤོར་བ་དག་པོ་ཞིག་ཤོད་ཐུབ་མིན་གྱིས་ང་ཚོའི་རླུང་འཕྲིན་གྱི་སྤྱི་ཚོགས་ཕན་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་ཡང་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ནས་གཤོག་རྩལ་རྒྱས་ན་རྐང་པ་བརྟན་པོ་ཚུགས་ཐུབ་ཅིང་། ཡོངས་ཁྱབ་རང་བཞིན་ཆེན་པོ་ལྡན་པ་དང་ཡི་གེ་དང་བརྡ་སྤྲོད་ཀྱི་གཞུང་ལུགས་གཉིས་ཀ་མང་ཚོགས་རང་བཞིན་ཅན་དུ་གྱུར་ནས་དམངས་ཀྱི་ཤེས་བྱ་ལེན་པའི་སྐར་ཁུང་ལྟ་བུར་འགྱུར་རྒྱུ་རེད།

    དེ་ལྟར། སྙན་སྒྲོན་པ་ནི་རླུང་འཕྲིན་ལས་ཁུངས་ཀྱི་སྣང་བརྙན་བྱེ་བྲག་ངང་མཚོན་མཁན་ཡིན། གསན་པ་པོས་རླུང་འཕྲིན་ལས་ཁུངས་ལ་ལྟ་སྟངས་ཇི་ལྟ་བུ་ཞིག་འཛིན་པ་ནི་གཙོ་བོ་དེའི་ལེ་ཚན་དང་འབྲེལ་བ་ཡོད། ཕུལ་དུ་བྱུང་བའི་སྙན་སྒྲོན་པ་ཞིག་ཡིན་ཚེ། རང་ཉིད་ལ་མི་རྣམས་ཀྱི་བསྔགས་བརྗོད་ཐོབ་པ་མ་ཟད། དུས་མཚུངས་འབྲེལ་ཡོད་རླུང་འཕྲིན་ཁང་ལ་ཡང་མཚན་སྙན་གྲགས་ཐོབ་པར་བྱེད་པ་དང་ལེ་ཚན་གསན་མཁན་ཇེ་མང་དུ་གཏོང་ངེས། དེ་ལས་ལྡོག་སྟེ། བྱང་ཚད་དམན་པའི་སྙན་སྒྲོན་པ་ཞིག་ཡིན་ཚེ། གསན་པ་པོར་སུན་སྣང་སྐྱེས་སུ་བཅུག་ནས་ལས་ཁུངས་ཀྱི་མཚན་སྙན་ལའང་གནོད་པ་སྐྱེལ་སྲིད། དེར་བརྟེན། རླུང་འཕྲིན་ཁང་སོ་སོས་ཐབས་བརྒྱ་ཇུས་གཏོང་གིས་འོས་ཤིང་འཚམ་པའི་སྙན་སྒྲོན་པ་གདམ་གསེས་བྱེད་ཀྱིན་ཡོད།

    བཞི་པ། བོད་སྐད་སྙན་སྒྲོན་པར་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་དགོས་པ།

    བོད་ཀྱི་སྒྲ་རིག་པའི་སུམ་རྟགས་དག་གསུམ་ལས་བཙོ་སྦྱངས་ཡང་ཡང་ཐོབ་པའི་རིག་གནས་དང་སྒྱུ་རྩལ་གྱི་བརྩམས་ཆོས་ལས། ད་གཟོད་འཛམ་གླིང་གི་རིག་གནས་ལ་གསོན་ཤུགས་སྣོན་ཐུབ་པ་དང་འཛམ་གླིང་མིག་ལྡན་ཀུན་གྱི་ཡིད་དབང་འགུགས་ནུས། དེར་བརྟེན་དེ་དག་བརྒྱུད་བསྒྲགས་བྱ་རྒྱུ་ནི་རླུང་འཕྲིན་ལེ་ཚན་གྱི་དོར་དུ་མེད་པའི་ལས་འགན་དུ་བརྩི་དགོས་ལ་མི་རིགས་ཀྱི་ཁྱད་ཆོས་དང་གཤིས་རྒྱུད་མངོན་པར་ཡང་བྱ་དགོས། བོད་ཀྱི་ལོ་རྒྱུས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་མཚོན་པའི་རླུང་འཕྲིན་ལེ་ཚན་འགའ་ཞིག་ཁྲོད། ལེ་ཚན་ཕོབ་མཁན་ལ་བོད་ཀྱི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་མངའ་དེ་ཙམ་མེད་པས། རིག་གནས་དང་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས་སོགས་དང་མི་མཐུན་པའི་ཆ་རེ་གཉིས་མཐོང་རྒྱུ་ཡོད། དེར་བརྟེན། བོད་སྐད་རླུང་འཕྲིན་ལེ་ཚན་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་དགོས་ན་རང་ཉིད་ཀྱིས་གཙོ་གཉེར་བྱས་པའི་ལེ་ཚན་མང་དུ་གཏོང་དགོས། དེས་ན་ཆེད་ལས་བོད་སྐད་སྙན་སྒྲོན་པ་ཞིག་ཡིན་ཕྱིན་རང་མི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་ལེགས་པོ་ཞིག་ལོན་དགོས་པ་ནི་གལ་འགངས་ཆེའོ།

    (བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་སྙན་སྒྲོན་གཙོ་སྐྱོང་པ། ཕུན་ཚོགས་བློ་གྲོས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།