རྩྭ་ཐང་དང་སྒྲུང་པ།
རྩྭ་ཐང་ཡངས་མོས་གཡུ་ཡི་གཞོང་པར་འགྲན། གླིང་སྒྲུང་སྙན་མོས་ཆུ་མོའི་རྒྱུན་ལ་འཁུ།
ཤ་རྩི་ནག་ཅིང་ཤ་རིད་པའི་པ་དགའ་ནི་ནག་ཆུ་རྫོང་ནག་ཆུ་གྲོང་རྡལ་ནས་ཡིན་པ་དང་། ཁོང་གི་ནང་མིས་པ་དགའ་ལོ་གསུམ་བཞི་ནས《གླིང་སྒྲུང》ཤོད་ཤེས་ནའང་། མིང་དོན་མཚུངས་པའི་སྒྲུང་པ་ཞིག་ཏུ་འགྱུར་བའི་བརྒྱུད་རིམ་ནི། བབས་སྒྲུང་གི་སྒྲུང་པ་ཕལ་མོ་ཆེ་དང་འདྲ་བར་ལོ་13སྐབས་རྨི་ལམ་ངོ་མཚར་ཅན་ཞིག་བཏང་བ་དང་འབྲེལ་བ་དམ་ཟབ་ཡོད་ཅེས་ཤོད་ཀྱི་འདུག
ལོ་བཅུ་གསུམ་ལ་སླེབས་སྐབས། ཉིན་ཞིག་ནད་ཀྱིས་མནར་བའི་པ་དགའི་ཁ་ནས་གླིང་སྒྲུང་ཐོགས་པ་མེད་པར་ཤོད་པ་མཐོང་བའི་ཚེ། ནང་མི་ཚོས་ཁོང་བབས་སྒྲུང་གི་སྒྲུང་པ་ཞིག་ཡིན་པ་ཤེས།
ད་ཆ་ལོ་ལྔ་བཅུ་ལ་སླེབས་པའི་པ་དགའ་ནི་ནག་ཆུ་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གཉིས་ཀྱི་གྲས་ཤིག་ཡིན་པ་དང་། ལོ་རྒྱུས་སྙན་ངག《གླིང་སྒྲུང》མི་གཅིག་པ་83ཤོད་ཐུབ་ཀྱི་ཡོད། བགྲང་བྱ་སུམ་ཅུ་ལྷག་ཙམ་རིང་། 《གླིང་སྒྲུང》ཤོད་པའི་ཆེད། ཡིག་ངོ་མི་ཆོད་པའི་པ་དགའ་པེ་ཅིང་དང་། ཧྲང་ཧའེ། མཚོ་སྔོན་སོགས་ས་ཆ་མང་པོར་འགྲོ་མྱོང་ཡོད།
བབས་སྒྲུང་གི་སྒྲུང་པ་ཞིག་ཡིན་པའི་པ་དགར་ལོ་་བཅུ་གསུམ་གྱི་དུས་ནི་འགྲེལ་དཀའ་བའི་གསང་བ་ལྟ་བུ་ཞིག་རེད། ལོ་དེར་འགྲེལ་བཤད་བྱ་དཀའ་བའི་སྣང་ཚུལ་ཞིག་གིས་རྨི་ལམ་དང་མངོན་སུམ་ཟུང་དུ་འབྲེལ་ནས་ཁོང་གི་བག་ལ་ཞ་བའི་གླིང་སྒྲུང་གི་སྒོ་མོ་ཕྱེ། དེས་མི་རྣམས་བསམ་གཞིག་གི་རྒྱ་རུ་ཚུད་ལ། འགྲེལ་པ་བྱེད་ཐབས་བྲལ་བའི་གནས་སུ་གྱར།
རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞིབ་འཇུག་པ་རྒྱང་འཁོར་ཚེ་རིང་ཕུན་ཚོགས་ཀྱིས《གླིང་སྒྲུང》ནི་ད་དུང་མཇུག་རྫོགས་མེད་པའི་ལོ་རྒྱུས་སྙན་ངག་ཅིག་རེད། གླིང་སྒྲུང་ལ་བབས་སྒྲུང་དང་། ཐོས་སྒྲུང་། པྲ་སྒྲུང་། གཏེར་སྒྲུང་སོགས་ཀྱི་སྒྲུང་པ་མང་པོ་ཡོད་ཅེས་བཤད།
ད་ཆ་པ་དགའ་ནི་རང་རྒྱལ་དུ་རྒྱལ་ཁབ་རིམ་པའི་སྒྲུང་པ་གཉིས་ལས་མེད་པའི་ཁྲོད་ཀྱི་གྲས་ཤིག་ཡིན་ལ“གེ་སར་རིག་གནས”སྲུང་སྐྱོང་བྱེད་མཁན་དམངས་ཁྲོད་ཀྱི་མི་སྣ་ཞིག་ཀྱང་རེད།
བྱང་རྩྭ་ཐང་ཆ་སྙོམས་ས་བབ་སྨིད་4500ཡན་ལ་ཆགས་པ་དང་། ཁྱོན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་45ཡོད། དེར་མུ་ཁྱུད་ཀྱི་གངས་རི་དང་། མཚོ་དང་མཚེའུ་སྐར་ཚོགས་ཇི་བཞིན་མང་ལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་། རི་སྐྱེས་རྩི་ཤིང་ཡང་ཧ་ཅང་མང་པོ་ཡོད། དེ་གའི་རྒྱ་ཆེ་བའི་རྩྭ་ཐང་དུ་བོད་ཀྱི་འབྲོག་པ་ཕལ་མོ་ཆེ་འཚོ་གནས་བྱེད་པ་དང་ཁོང་ཚོས་མི་རབས་ནས་མི་རབས་བར་རྩྭ་ཆུ་བཟང་སར་སྐྱ་སྤོས་ནས་འཚོ་བ་སྐྱེལ་གྱི་ཡོད། དེང་རབས་ཀྱི་འཚོ་བ་སྐྱེལ་སྟངས་ལ་རིམ་བཞིན་ལོབས་པའི་ད་ཆའི་དུས་སུའང་ཁོང་ཚོས་སྔར་བཞིན་མེས་པོ་ནས་བརྒྱུད་པའི་གོམས་གཤིས་རྒྱུན་འཛིན་བྱེད་བཞིན་ཡོད། དགུང་ཨ་སྔོན་འོག་རང་དགར་རྒྱུ་བའི་འབྲི་གཡག་དང་། ལུག རྟ་སོགས་ཁྱུ་དང་ཁྱུ་རྣམས་འབྲོག་པའི་རོགས་ཟླ་ཡག་ཤོས་ཡིན་ལ། འབྲོག་པ་ཚོའི་འཚོ་རྟེན་ཡང་རེད།
མུ་མཐའ་མེད་པའི་རྩྭ་ཐང་གི་ས་གཞི་ཆེན་པོར་ལོ་ངོ་སྟོང་གི་དམངས་ཁྲོད་ཀྱི་སྒྱུ་རྩལ་རྩ་བ་ཚུགས་ནས་མཆེ་བ་བཏང་བ་དང་ལོ་འདབ་རྒྱས་པ་མ་ཟད། འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་བསྔགས་པར་གྱུར་པའི་ལོ་ངོ་སྟོང་གི་གནའ་བོའི་ཤེས་དཔལ་གྱི་ལོ་རྒྱུས་མཚོན་པའི་སྙན་ངག《གླིང་སྒྲུང》ཡང་དེ་ནས་འཛམ་བུ་གླིང་ལ་དར་བཞིན་ཡོད།
གནའ་རྫས་རྟོག་ཞིབ་བྱས་པ་ལས་ཤེས་པར། ནག་ཆུའི་ལོ་རྒྱུས་ཉུང་མཐར་ཡང་ལོ་ཁྲི་1ནས་ཁྲི་5ཡན་གོང་གི་རྡོ་ཆས་རྙིང་མའི་དུས་རབས་བར་འདེད་ཆོག་ལ། བསྐལ་པ་ཡ་ཐོག་གི་དད་མོས་བྱ་ཡུལ་དང་བོད་མིའི་ས་སྐྱེས་རྡོ་སྐྱེས་ཀྱི་བོན་ཆོས་ཀྱི་ཤུལ་རྙིང་བྱང་རྩྭ་ཐང་དུ་ད་དུང་མཐོང་རྒྱུ་ཡོད།
《གླིང་སྒྲུང》བྱུང་བའི་དུས་ནི་བོད་ཀྱི་རུས་རྒྱུད་ཚོ་པའི་སྤྱི་ཚོགས་ཐོག་མ་གྲུབ་པའི་སྐབས་ཡིན་ལ། དེ་དུས་དཔའ་བོར་དད་གུས་བྱེད་པའི་སྐབས་ཤིག་ཀྱང་རེད། དེས་ན། 《གླིང་སྒྲུང》གི་ནང་དོན་ཡང་ཕལ་ཆེ་བ་དམག་འཁྲུག་གི་སྐོར་རེད།
མཁས་པས་ཞིབ་འཇུག་བྱས་པ་ལྟར་ན། ལོ་རྒྱུས་སྙན་ངག《གླིང་སྒྲུང》གི་མཇུག་ད་དུང་མ་རྫོགས་པའི་རྒྱུ་ མཚན་ནི་གང་དེས་ལོ་ངོ་དུ་མའི་རིང་དུས་རབས་ཀྱི་སྙིང་བཅུད་བླངས་ཡོད་ལ་ད་བར་འཕེལ་རྒྱས་སོང་བས་ན། བོད་མི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་བོད་མིའི་རིག་གནས་དར་ཚུལ་གྱི་ལོ་རྒྱུས་མཛེས་རིས་ཤིག་མིག་ལམ་དུ་བཤམས་ཡོད།
ལོ་ངོ་སྟོང་ཕྲག་སོང་རུང་རླབས་ཆེ་བའི་ལོ་རྒྱུས་སྙན་ངག་དེ་ཉམས་པ་མེད་པར་ད་བར་གནས་དོན་གང་ཡིན་ཞེ་ན། རིགས་གཅིག་མཁས་པ་དང་མཁས་དབང་གིས“རྩྭ་ཐང་གི་སྐྱ་སྤོས་རིག་གནས་ཀྱིས《གླིང་སྒྲུང》ལ་ས་རྒྱུ་གཤིན་པོ་ཞིག་བྱིན་ཡོད་པ་སྨོས་ཅི་དགོས”ཞེས་ལན་བཏབ།
《གླིང་སྒྲུང》སྐྱ་སྤོས་རིག་གནས་ཁྲོད་རྩ་བ་ཚུགས་ནས་བྱུང་བ་ཞིག་ཡིན་པ་དང་། སྐྱ་སྤོས་རིག་གནས་ལས་སྐྱ་སྤོས་ནས་འགྲོ་བའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཤིག་གྲུབ་ཤིང་། དེས་ལོ་རྒྱུས་སྙན་ངག་དེ་དར་ལ། ད་ཆའི་དུས་སུའང་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་གནས་ཡོད་པས་གནའ་བོའི་ཤེས་དཔལ་ཉམས་པ་མེད་པར་གནས་ཡོད། ད་ཆ《གླིང་སྒྲུང》དར་ས་གཙོ་བོ་འབྲོག་ཁུལ་རེད།
ད་ཆ་འཛམ་བུ་གླིང་གི་རིགས་གཅིག་མཁས་པས་ཁས་བླངས་པའི《གླིང་སྒྲུང》གི་སྒྲུང་པ་140ཡོད། དེ་དག་ལས་ནག་ཆུར་སྒྲུང་པ་71ཡོད་པ་དེ་དག་གིས་ཕྱེད་ཀ་ཡན་བཟུང་ཞིང་། དེའང་རང་རྒྱལ་ལ་རྒྱལ་ཁབ་རིམ་པའི་གླིང་སྒྲུང་གི་སྒྲུང་པའི་འཐུས་ཚབ་རྒྱུན་འཛིན་པ་ཚེ་རིང་དགྲ་འདུལ་དང་པ་དགའ་གཉིས་དང་། རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་7 ས་ཁུལ་རིམ་པའི་རྒྱུན་འཛིན་པ་62བཅས་ཡོད་ལ། ཁོང་ཚོ་ཚང་མ་ནག་ཆུ་ནས་རེད།
རྒྱལ་ཡོངས་ཀྱི《གླིང་སྒྲུང》ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་འབུམ་རམས་པ་ནོར་བུ་དབང་ལྡན་གྱིས“《གླིང་སྒྲུང》གི་སྒྲུང་པ་ནི་གེ་སར་རིག་གནས་ཀྱི་རྒྱུན་འཛིན་མཁན་ཡིན་ལ་གཞི་རྟེན་ཡང་རེད་ཅེས་བརྗོད་ཆོག སྒྲུང་པ་དེ་དག་མེད་ཚེ་གེ་སར་རིག་གནས་འཕེལ་རྒྱས་གཏོང་ཐབས་རྩ་བ་ནས་བྲལ”ཞེས་བཤད།
ལོ་རྒྱུས་སྙན་ངག《གླིང་སྒྲུང》གི་ཁྱབ་ཚུལ་གྱི་ས་ཁོངས་ལ་བལྟས་ཚེ། ནག་ཆུ་ནི་ལོ་རྒྱུས་སྙན་ངག《གླིང་སྒྲུང》དར་སའི་ལྟེ་བར་གནས་ཡོད། འབུམ་རམས་པ་ནོར་བུ་དབང་ལྡན་གྱིས“སྒྲུང་པ་དག་ལྗོན་ཤིང་ཆེན་པོ་ཞིག་ཡིན་པའི་དབང་དུ་བཏང་ན། ནག་ཆུ་དེའི་རྩ་བ་རེད། རྒྱུ་མཚན་གང་ཡིན་ཞེ་ན། ནག་ཆུ་ས་ཁུལ་ལ་གེ་སར་རིག་གནས་གནས་པའི་སྐད་བརྡའི་ཁམས་ཆ་ཚང་ཞིག་ཡོད་ལ་སྲུང་སྐྱོབ་ཀྱང་ལེགས་པོ་ཐུབ་ཡོད”ཅེས་ངོས་འཛིན་བྱས།
2009ལོར་ལོ་རྒྱུས་སྙན་ངག《གླིང་སྒྲུང》འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2010ལོར་ནག་ཆུ་ས་ཁུལ་རང་སྐྱོང་ལྗོངས་རིམ་པའི“གླིང་སྒྲུང་རྒྱུན་འཛིན་རྟེན་གཞི”ལ་གྱུར་པ། 2014ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《གླིང་སྒྲུང》འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་གཏན་འཁེལ་བྱས་པ་དང་ལོ་དེར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་རྒྱལ་ཡོངས་ཀྱི་གེ་སར་ཞིབ་འཇུག་གཞུང་དོན་ཁང་གིས་ནག་ཆུ་ས་ཁུལ་ལ“སྒྲུང་པའི་ཁྱིམ་གཞིས”ཀྱི་གཟི་བརྗིད་མཚན་སྙན་ཡང་སྤྲད་པ་རེད།
ད་ཆ་ནག་ཆུ་ས་ཁུལ་གྱིས་རྒྱལ་ཁབ་རིམ་པའི“གེ་སར་རིག་གནས”ཀྱི་སྣོད་བཅུད་ཁོར་ཡུག་ཅིག་སྐྲུན་པ་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་དོན་གལ་ཆེར་བརྩིས་ནས“གེ་སར་རིག་གནས”ཀྱི་སྒྲུང་པའི་ཐོན་ཁུངས་གཙོ་བོ་དང་ཐུན་མིན་གྱི་ལེགས་ཆ་གང་ལེགས་སྤྱད་དེ་རྩྭ་ཐང་དུ་ཁ་གྲམ་ནས་གནས་པའི་སྒྲུང་པ་གཅིག་ཏུ་བསྡུས་ཏེ་སྔར་བྱུང་མ་མྱོང་བའི“གེ་སར་རིག་གནས”ཀྱི་སྣོད་བཅུད་ཁོར་ཡུག་ཅིག་གཏོད་བཞིན་ཡོད་པ་རེད།
གླིང་སྒྲུང་གི་དབྱིངས་སུ་ཚུད་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚེ་རིང་དགྲ་འདུལ།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་སྙན་བརྒྱུད་ཀྱི་ཁྱད་ཆོས་ལྡན་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ལ། བོད་ཁམས་ཡུལ་གྲུ་ཀུན་དང་། སོག་རིགས། ཧོར་རིགས། འཇང་རིགས། ཕུའུ་མེས་རིགས་སོགས་ཀྱི་ས་ཁུལ་དུའང་ཁྱབ་ཡོད། གླིང་སྒྲུང་གི་བརྗོད་དོན་དུ་གེ་སར་ལྷ་ཡུལ་ནས་མི་ཡུལ་དུ་ཕེབས་ཏེ་ཉམ་ཆུང་མི་སེར་རྣམས་སྡུག་བསྔལ་ལས་སྐྱོབ་ཆེད་བཙན་པོའི་གཉའ་གནོན་དང་ཉམ་ཆུང་གི་རྒྱབ་དཔུང་བྱས་ཏེ་ཚོ་ཁག་གཅིག་གྱུར་བྱས་མཐར་ཕྱིར་ལྷ་ཡུལ་དུ་ཕེབས་པའི་དཔའ་བོའི་མཛད་རྗེས་རེད།
བོད་ཀྱི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་ཀུན་གྱི་གཙུག་རྒྱན་དུ་གྱུར་ཡོད་པ་མ་ཟད། ཤེས་རིག་སྣ་ཚོགས་ཀྱི་འབྱུང་གནས་ལྟ་བུ་ཞིག་ཀྱང་རེད། མི་རིགས་མང་པོས་རྒྱུན་འཛིན་དང་དར་སྤེལ་བྱེད་བཞིན་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ནི་བོད་ཀྱི་དམངས་ཁྲོད་རིག་གནས་ཕུན་སུམ་ཚོགས་པའི་ཁྲོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ལྟ་བུ་རེད། དེ་ཡང་ཡུན་རིང་གི་འཕེལ་རིམ་ཁྲོད་མི་རིགས་མང་པོ་ཞིག་ལ་དར་བ་དང་། ལྷག་དོན་དུ་བོད་སོག་མི་རིགས་ཀྱི་ཁྱད་དུ་འཕགས་པའི་དམངས་ཁྲོད་རིག་གནས་ཤིག་ཏུ་གྱུར་ཅིང་། དེའི་སྒྱུ་རྩལ་ཁྱད་དུ་འཕགས་ཤིང་ཕུལ་དུ་བྱུང་བ་ཞིག་ཡིན། གྲངས་ལས་འདས་པའི་འབྲོག་པ་སྒྲུང་པ་རྣམས་ཀྱིས་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་འཆད་ཉན་སོགས་རྒྱུན་འཛིན་བྱས་ཡོད། སྒྲུང་པ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་གསར་གཏོད་པ་དང་རྒྱུན་འཛིན་པ། བརྒྱུད་སྤེལ་བྱེད་མཁན་བཅས་རེད། སྒྲུང་པ་འདི་དག་ལས་ཕལ་མོ་ཆེ་ཡི་གེར་རྨོངས་ཀྱང་ཁྱད་འཕགས་ཀྱི་ཡིད་འཛིན་ནུས་པ་ལྡན་ཞིང་། འཆད་གྱེར་སྒྱུ་རྩལ་ལ་མཁས་པ། གསར་གཏོད་ནུས་པ་དེ་བས་ཀྱང་ལྡན་པས་དུས་རྒྱུན་སྒྲུང་ཤོད་སྐབས་ཡིག་ཕྲེང་ཁྲི་ཚོ་འགའ་ཤོད་ཐུབ་ཀྱི་ཡོད།
ཆེས་སྔ་བའི་ལག་བྲིས་ལོ་རྒྱུས་སྙན་རྩོམ་རིང་མོ་ནི་སྤྱི་ལོ་1726ལོའི་པེ་ཅིང་དཔར་ཤིང་ཕྱོགས་བཅུའི་སྐྱེས་ཆེན་གེ་སར་རྣམ་ཐར་ཡིན་པ་དང་། དེ་ནི་ཆེས་སྔ་བའི་དཔར་གཞི་ཡང་རེད། ད་ལྟའི་བར་དུ་སྒྲུང་དཔེ་སྣ་ཚོགས་120ལྷག་ཡོད་པ་དང་། ཤོ་ལོ་ཀ་ཁྲི་100ལྷག་ཙམ་ཟིན་ཡོད་ལ། གསར་གཏོད་ཀྱི་རྒྱུན་ད་ལྟ་ཡང་ཆད་མེད། གླིང་སྒྲུང་ནི་ཆོས་ལུགས་དད་མོས་དང་། རིག་གནས། བློ་གྲོས། ཤེས་རིག་སོགས་ཀྱི་འབྱུང་གནས་ལྟ་བུར་གྱུར་ཡོད་པ་མ་ཟད། ཐང་ག་དང་ལྷ་མོ། འཆད་གྱེར། ཞབས་བྲོ་སོགས་སྲོལ་རྒྱུན་སྒྱུ་རྩལ་གྱི་འབྱུང་ཁུངས་ལྟ་བུ་ཡང་རེད། ད་དུང་དེང་རབས་སྒྱུ་རྩལ་གྱིས་དམངས་ཁྲོད་སྒྱུ་རྩལ་གྱི་ཉིང་བཅུད་བསྡུ་བའི་གཞི་མའང་རེད།
རྒྱལ་ཁབ་ཀྱིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྩ་ཆེའི་ཚན་རིག་ཞིབ་འཇུག་གི་ལས་གཞིའི་རྣམ་གྲངས་གྲས་སུ་བཞག་ཅིང་། བོད་རང་སྐྱོང་ལྗོངས་ཀྱིས་ཆེད་གཉེར་མྱུར་སྐྱོབ་ཕྱོགས་སྒྲིག་ཚན་ཁག་བཙུགས་ཏེ། སྔ་རྗེས་སུ་སྒྲུང་པ་57ལ་བཅར་འདྲི་དང་། སྒྲུང་པ་15ལ་སྒྲུང་ཤོད་དུ་བཅུག་པའི་རྨང་གཞིའི་ཐོག་དུས་ཡུན་ཆུ་ཚོད་5000ལྷག་གི་སྒྲ་ཕབ་སྤྱིན་ཤོག་3000བཟོས། གཞན་ཡང་ལག་བྲིས་དང་དཔར་ཤིང་300ལྷག་འཚོལ་སྡུད་བྱས། གླིང་སྒྲུང་62ལྷག་ཙམ་པར་དུ་བསྐྲུན། གཞན་ཡང་སྒྲུང་ཁག་མང་པོ་ཞིག་དབྱིན་ཡིག་དང་ཉི་ཧོང་གི་ཡི་གེ འཇར་མན་གྱི་ཡི་གེ་སོཌ་སུ་བསྒྱུར་ཏེ་པར་དུ་བསྐྲུན་ཡོད།
གླིང་སྒྲུང་བྱུང་བའི་དུས་ཚོད་ལ་ད་ལྟའི་བར་དུ་གཅིག་མཐུན་གྱི་ལྟ་བ་ཞིག་བྱུང་མེད་ཅིང་། སྐོར་ཞིག་གིས་བཙན་པོའི་སྐབས་བྱུང་བ་ཡིན་ཟེར་བ་དང་། ཡང་ཁ་ཅིག་གིས་དུས་རབས་བཅོ་ལྔ་བར་བྱུང་ཟེར། ཡིན་ན་ཡང་གླིང་སྒྲུང་ལས་འཕྲོས་པའི་ལོ་རབས་དང་། རྒྱུ་ཆ། མི་རྣམས་ཀྱི་བསམ་པའི་རེ་བ་སོགས་ལ་གཞིགས་ན། གླིང་སྒྲུང་ནི་དུས་རབས་བཅུ་གཅིག་པའི་སྔ་རྗེས་སུ་བྱུང་བར་སྙམ། སྐབས་དེར་བོད་ཀྱི་སྤྱི་ཚོགས་ཕྱོགས་ཁག་ཚོ་པའི་རྣམ་པ་རུ་གནས་ཡོད། དབང་བསྒྱུར་བས་ཕན་ཚུན་དམག་འཁྲུག་བྱས་པས། མི་སེར་གྱིས་སྡུག་བསྔལ་ཚད་མེད་མྱངས་ཏེ། རང་ཉིད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བྲལ་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པར་རེ་སྨོན་དང་བསམ་འདུན་མཚོན་པའི་སྤྱི་ཚོཌ་ཁོར་ཡུག་ཅིག་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ་ཤེས་ཐུབ།
གླིང་སྒྲུང་གི་ནང་དོན་དང་ཁ་བྱང་རྣམས་ཡུལ་ཕྱོགས་སོ་སོའི་སྒྲུང་པ་རྣམས་ལ་གཅིག་གྱུར་ཅིག་བྱུང་མེད། བོད་བྱང་ཐང་དུ་ཕལ་ཆེར་གཅིག་མཐུན་དུ་གྱུར་པའི་སྒྲུང་དཔེ་འདི་དག་ཡོད་དེ། 1.《གཏམ་གླིང་གཏེར་རྫོང》 2.《འཁྲུངས་གླིང་མེ་ཏོག་ར་བ》 3.《ས་དམ་ལྷ་རྫོང》 4.《གཅན་གཟན་སྡེ་ལྔ》 5.《རྟ་རྒྱུག་རྒྱལ་འཇོག》 6.《བདུད་འདུལ》7.《ཧོར་གླིང་གཡུལ་འགྱེད》 8.《འཇང་གླིང་གཡུལ་འགྱེད》 9.《མོན་གླིང་གཡུལ་འགྱེད》 10.《སྟག་གཟིག་ནོར་རྫོང》 11.《ཁ་ཆེ་གཡུ་རྫོང》 12.《ཞང་ཞུང་མུ་ཏིག་རྫོང》 13.《སོག་སྟོད་ཅང་ཤེས་རྟ་རྫོང》 14.《གྲུ་གུ་གོ་རྫོང》 15.《སུམ་གླིང་གཡུལ་འགྱེད》 16.《བྱེ་རི་བྱུར་རྫོང》 17.《གངས་རི་ཤེལ་རྫོང》 18.《འདན་མ་ནས་རྫོང》 19.《བལ་པོ་ལི་རྫོང》 20.《ཨ་བསེ་ཁྲབ་རྫོང》 21.《མི་ནུབ་དར་རྫོང》 22.《བྱང་ཕྱོགས་ཨ་གྲགས་གཟི་རྫོང》 23.《སྨུག་གུ་དྲེལ་རྫོང》 24.《སུམ་པ་མཛོ་རྫོང》 25.《རྒྱ་གླིང་གཡུལ་འཁྲུག》 26.《འཛམ་གླིང་སྤྱི་བསང》 27.《མ་ལ་ཡའི་སྨན་རྫོང》 28.《སྒ་བདེ་ཁྱུང་རྫོང》 29.《ཕྱི་གླིང་ལྕགས་རྫོང》 30.《དམྱལ་གླིང་རྫོགས་པ་ཆེན་མོ》 31.《ཚ་བ་མདའ་རྫོང》 32.《སྲིན་པོ་ཤ་རྫོང》 33.《བྱང་ཀླུ་ཁྲི་རྟ་རྫོང》བཅས་ཡོད། གླིང་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་དུ་སྐད་གྲགས་ཆེ་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ལ། ལོ་རྒྱུས་རིང་ཞིང་ཁྱབ་ཁོངས་ཆེ་ལ། ཤོག་གྲངས་མང་བ། ཡིག་ཚོགས་ཆེ་བ། སྒྲིག་གཞི་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོཌ་པས་དེང་དུས་འཛམ་གླིང་ཡང་རྩེ་རུ་གནས་པའི་བོད་མི་རིགས་ཀྱི་རིག་གནས་བང་མཛོད་ཅིག་ཡིན་པ་མ་ཟད། འཛམ་གླིང་རིག་གནས་ཁྲོད་གཟི་འོད་མ་ཉམས་པར་འཕྲོས་དང་འཕྲོ་བཞིན་པའི་རིག་གནས་ཀྱི་གྲས་ཤིག་ཀྱང་རེད།