དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལིའུ་ཅང་གིས་འབྲས་སྤུངས་དགོན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-27

    ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་འབྲས་སྤུངས་དགོན་དུ་བརྟག་ཞིབ་གནང་བར་ཕེབས་ཏེ། ཆོས་ལུགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་དང་ཐོག་འབྲས་སྤུངས་དགོན་གྱི་མེ་ཟོན་སྒྲིག་བཀོད་དང་། རིག་དངོས་སྲུང་སྐྱོང་། དགོན་སྡེའི་རྒན་གསོ་ཁང་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་། དགེ་འདུན་པའི་འཐུས་མི་དང་བཀའ་མོལ་ཞིབ་པར་གནང་སྟེ་དགེ་འདུན་པ་ཚོའི་སྒོམ་སྒྲུབ་དང་འཚོ་བའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། ཏང་གི་ཆོས་ལུགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དགོན་ཕན་གྲྭ་ཕན་གྱི་བྱ་ཐབས་ཁག་དྲིལ་བསྒྲགས་ནན་ཏན་གནང་བ་མ་ཟད། དགེ་འདུན་པ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་བྱམས་བརྩེའི་ཐུགས་ཁུར་བློ་ལ་བརྟན་པོར་བཅངས་ནས་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་གཟུགས་བརྙན་བཟང་པོ་གཏོད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

    དེ་རྗེས་ལིའུ་ཅང་འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་དུ་ཕེབས་ནས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་འཚམས་འདྲི་གནང་བ་དང་འབྲེལ་ཚང་མ་དང་བྱམས་བརྩེའི་ངང་བཞུགས་མོལ་དང་སྤེལ་རེས་གནང་སྟེ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཞབས་ཞུ་དང་དོ་དམ་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། དགོན་སྡེ་དོ་དམ་ཨུ་ལྷན་ནི་ཏང་དང་སྲིད་གཞུང་གིས་གྲྭ་བཙུན་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་ཡིན་པས་ཞབས་ཞུ་དང་། སློབ་གསོ། དོ་དམ་སོགས་ཀྱི་འགན་ནུས་ཡག་པོ་བསྒྲུབས་ནས་ཆོས་ལུགས་འཆམ་མཐུན་དང་། དགོན་སྡེ་ཞི་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

    ལིའུ་ཅང་གིས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཏན་ཏིག་སྤེལ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཆོས་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱེད་པ། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་བཅས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས། བརྟག་དཔྱད་ཞིབ་འཇུག་དང་འཚོལ་བཤེར་དག་ཐེར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ཁྲོད་ཀྱི་ཞན་ཆ་ཧུར་ཐག་བསལ་ཏེ་དགེ་འདུན་པ་ཚོ་སེམས་རྣལ་དུ་ཕབ་ནས་སྒོམ་སྒྲུབ་ཡོང་བར་བྱས་ཏེ་ཞབས་ཞུ་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།