དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མི་ཚེའི་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-26

    ཁ་མིག་གདང་དུས་ཨ་མ་མ་གཏོགས་ངོ་མི་ཤེས་པའི་ལོ་ཟླ་དེར། ང་ནི་ཨ་མའི་དྲོད་འཇམ་གྱི་རུམ་དུ་ཡོད་ལ། ཨ་མའི་ཞིམ་མངར་ནུ་ཞོའི་བཅུད་ཀྱིས་གསོས་ཡོད། སྐབས་དེར་མིག་ཟུང་ཇི་སྙེད་ཅིག་གིས་ང་ལ་འཛུམ་གྱིས་བསུས་མྱོང་ལ། འཇམ་རྩུབ་དང་ཕྲ་སྦོམ་མ་གཅིག་པའི་ལག་ཟུང་ཇི་ཙམ་ཞིག་གིས་ང་རང་པང་དུ་ལེན་རེས་བྱེད་མྱོང་། ད་ཆ་དེ་དག་ཀུན་ཀྱང་འཆར་རྟོག་གི་སྣང་ཡུལ་ཙམ་ལས་ཡོངས་སུ་འདས་ཟིན་ནའང་། དོན་དངོས་ནི་ནམ་ཡང་བཟློག་ཏུ་ག་ལ་ཡོད། ཐ་ན་ང་རང་ཉིན་བདུན་ལ་སོན་པའི་ཉིན་མོ་དེར། གྲོང་པའི་ཨ་ཅག་དཔལ་མོས་ཀྱང་ང་རང་གི་ཁ་ཆུང་ལ་མངར་རྩིས་གཏམས་པའི་མར་དཀར་ཚལ་བུ་ཞིག་བཞག་ནས། ང་རང་འཇིག་རྟེན་མི་ཡུལ་འདིར་སླེབས་པར་དགའ་བའི་འཛུམ་གྱིས་བལྟས་ཤིང་སྙན་པའི་མིང་ནས་བོས་ཏེ་ཁ་བཟང་སྐྱེས་ཀྱི་རྟེན་འབྲེལ་ཞུས་མྱོང་ཨང་། ངོ་མ་ང་ནི་འདི་ལྟར་ལས་སྨོན་བཟང་པོ་ཞིག་གིས་བསྐྱངས་ཏེ་འོངས་པ་ལོས་ཡིན། དྲིན་ཅན་གྱི་ཨ་མ་དང་ཨ་ཕ། ཤ་ཚ་ཅན་གྱི་ཕུ་ནུ་མིང་སྲིང་། ད་དུང་ལས་སྨོན་བཟང་པོས་མཉམ་དུ་འདུས་པའི་ཕ་ཡུལ་གྱི་ཡུལ་མི་མཛའ་བཤེས་ཅན་འདི་དག་གི་བྱམས་སྐྱོང་ལ་བརྟེན་ནས། བསམ་ཤེས་མ་རྙེད་པའི་ང་རང་གི་བྱིས་དུས་ཀྱི་ལོ་ཟླ་ལ་སྤྲོ་བའི་འོད་དང་དགའ་བའི་འཛུམ་གྱིས་ཁེངས་མྱོང་བ་ངའི་ད་ལྟའི་དྲན་པའི་ཡོལ་གོར་རེས་མོག་རེས་གསལ་དུ་འཆར་འོངས།

    ང་རང་ཐེངས་དང་པོར་གྲོགས་པོ་འགའ་དང་མཉམ་དུ་དམའ་རིམ་སློབ་འབྲིང་ལ་བསྐྱོད་པའི་དོན་དེ་ད་ཆ་དྲན་པའི་ཡུལ་དུ་འཆར་དུས། ངའི་སེམས་སུ་ཚ་སོབ་སོབ་ཀྱི་སྣང་བ་ཞིག་འགོག་མེད་དུ་འཆར་འོངས། དེ་དུས་ང་དང་ལོ་རིམ་གཅིག་པའི་ཁྲོད་ནས་དམའ་འབྲིང་དུ་རྒྱུགས་འཕྲོད་དེ་སློབ་གྲྭར་རྒྱུན་མཐུད་ནས་ཞུགས་མཁན་ང་རང་གཅིག་པུ་ལས་མ་བྱུང་། སྐབས་དེ་དུས་ང་རང་གཅིག་པུར་ལམ་ཐག་སྤྱི་ལེ་བཅུ་ཕྲག་འགས་ཆོད་པའི་དམའ་འབྲིང་དུ་འགྲོ་བ་ནི་དཀའ་ཚེགས་ཆེན་པོ་ཞིག་ཏུ་གྱུར་ཡོད། འོན་ཏེ་དེའི་ཚེ་དེའི་དུས་ན། ང་རང་ལས་ལོ་རིམ་མཐོ་བའི་གྲོགས་པོ་འགས་སླར་ཡང་ང་རང་ལ་ཕ་ཡུལ་གཅིག་པའི་འདུ་ཤེས་བཅངས་ཏེ་ལམ་གྲོགས་བྱས་པ་མ་ཟད། ད་དུང་ངའི་རྒྱགས་ཁུར་ཡང་འཁྱེར་རོགས་བྱས་ཤིང་། ཐེངས་ཤིག་འདྲུད་འཐེན་འཁོར་ལོར་མི་གཅིག་ལས་སྡོད་ས་མེད་དུས། ཁོང་ཚོས་ང་རང་དེར་སྡོད་དུ་བཅུག་པ་སོགས་རོགས་རམ་མང་པོ་བྱས། དེ་དག་ནི་ང་རང་ལ་ཕ་ཡུལ་དང་ཕ་ཡུལ་གྱི་མི་རྣམས་ཀྱིས་གནང་བའི་བྱམས་སྐྱོང་ཞིག་ཅི་ལ་མིན།

    ལོ་ཟླ་རིམ་བཞིན་འདས་པ་དང་། སློབ་གྲྭར་རྒྱུན་མཐུད་དེ་འགྲོ་མཁན་ནི་ང་རང་གཅིག་པུར་ཟད། ང་རང་ཕ་མའི་མིག་གིས་འཚོ་ས་ནས་ཕུ་ནུ་མིང་སྲིང་གི་དཔུང་གི་རོགས་ཟླ་མེད་ཅིང་། ཕ་ཡུལ་གྱི་མི་རྣམས་ཀྱིས་མིང་ནས་འབོད་མཁན་མེད་པའི་ཐག་རིང་གི་སློབ་གླིང་དུ་སློབ་གཉེར་ལ་ཞུགས་དགོས་བྱུང་ལ། འགྲིམ་འགྲུལ་མི་བདེ་བ་དང་། ཆ་འཕྲིན་མི་དར་བ་སོགས་ཀྱི་འཚོ་བའི་ཆ་རྐྱེན་གྱི་ཚད་བཀག་སྣ་ཚོགས་དབང་གིས། ང་རང་ལ་ཐ་ན་ལོ་ཕྱེད་རིང་ཕ་ཡུལ་དུ་ལན་གཅིག་ལོག་པའི་སྐལ་བའང་མེད་པར་གྱུར། དེ་ནས་བཟུང་། ངས་དགེ་བའི་བཤེས་གཉེན་གྱི་སྐུལ་ལྕག་བཟང་པོའི་འོག་བརྒྱ་ཐམ་པའི་གྲལ་འགོར་མ་བསླེབས་ཀྱང་སྟོང་ཐམ་པའི་གྲལ་གཞུག་ཏུ་མ་ལུས་པའི་འདུན་པ་ཆུང་ངུ་ཞིག་བསམ་པའི་རུམ་དུ་བཅུག་ནས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ངོ་མཚར་དང་། ཆུ་ངོགས་གཏམ་རྒྱུད་ཀྱི་དཔའ་བོའི་སྣང་བརྙན། སྦྲུལ་དཀར་ལྷ་མོའི་བརྩེ་དུང་གི་འཆིང་ཐག་སོགས་སྐབས་དེ་དུས་བསམ་པའི་རྒྱགས་ཕྱེར་གྱུར་པའི་དཔེ་དེབ་གང་མང་ལྟ་ཀློག་བྱས་པ་མ་ཟད། ཆ་མེད་ཀྱི་ཡུལ་ནས་རྒྱུས་མེད་ཀྱི་མི་དང་བསྡེབས་ནས་དམའ་འབྲིང་ནས་མཐོ་འབྲིང་དང་། མཐོ་འབྲིང་ནས་སློབ་གྲྭ་ཆེན་མོའི་འཚོ་བར་རོལ་ལ། ཕོ་བ་རྒྱགས་ཕྱེད་ལྟོགས་ཕྱེད་ཀྱི་ཚོར་བ་དང་འགྲོགས་ནས། ཀླུ་སྒྲུབ་དགོངས་རྒྱན་གྱི་བསམ་བློའི་བ་གམ་ལ་རྩེན་པའི་དབྱིངས་དང་། བུལ་ཐུག་ཕོར་གང་འཐུང་བའི་དངུལ་མེད་ཀྱང་ལག་རྩེད་སྤོ་ལོ་དགའ་སྐྱིད་ཀྱི་འཚོ་བར་རློམ་པའི་ང་རྒྱལ། སུམ་རྟགས་དག་གསུམ་ངོ་འཕྲོད་ཙམ་གྱིས་ཅི་ཞིག་ཤེས་མདོག་གི་བརྟུལ་ཞུགས་བཅས་བཟུང་སྟེ། བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་རང་དང་བློ་མཐུན་པའི་བློ་གསར་འགའ་དང་ལྷན་ཅིག་ཏུ་སྐྱིད་ཆུའི་རླབས་སྒྲ་ཡི་རྨི་ལམ་ཞིམ་པོ་ཞིག་ཀྱང་རྨི་བར་བརྩམས་མྱོང་། དེ་ནས་བཟུང་། ང་ནི་ཕ་དང་མ་འདྲ་བའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གཞུང་སྤྱི་དང་། ཕུ་ནུ་མིང་སྲིང་དང་འདྲ་བའི་བོད་ཀྱི་ཐ་སྙད་རིག་པའི་གནས་རྣམས། དེ་བཞིན་ཡུལ་མི་སྤུན་གྲོགས་དང་མཉམ་པའི་སྤྱི་ཚོགས་ཚན་རིག་ཁྲོད་ཀྱི་རིག་ཚན་གཞན་དག་གི་སློབ་སྦྱོང་ལ་གོ་ལོ་ཐོས་ལོ་ཙམ་ནས་ཞིབ་པར་སྦྱོང་གིན་འཚར་ལོངས་བྱུང་ལ། དེ་ནས་བཟུང་། ན་གཞོན་གྱི་སེམས་ལ་བརྩེ་དུང་གི་མྱུ་གུ་འཁྲུངས་ནས་སྙིང་ན་སྡུག་པའི་གཞོན་ནུ་མ་ཞིག་གི་རྒྱབ་གཟུགས་ལ་འཕྲེང་བཞིན་འཇིག་རྟེན་འཚོ་བའི་སྤྲོ་བ་ཆུང་ངུ་མཁའ་རུ་བཏེགས་ཏེ་འོངས་པ་ལས། མི་ནི་འཚོ་བ་ཁོ་ནའི་ཆེད་དུ་གསོན་པ་མ་ཡིན་པར། གསོན་པ་ཉིད་བསམ་བློ་དང་བརྩེ་དུང་གི་སླད་དུ་ཡིན་པའི་གནས་ལུགས་འདིར་ཐོག་མའི་ངེས་ཤེས་སྐྱེས།

    ང་རང་རིམ་བཞིན་ནར་སོན་ཏེ། སློབ་ཆེན་སློབ་གསོའི་མེ་ལྕེ་ལྷོག་ལྷོག་ཏུ་མཆེད་པའི་དགའ་སྤྲོ་ལ་བརྟེན་ནས། འཚོ་བའི་དཀའ་རྙོག་མང་པོ་དང་གདོང་ཐུག་རྒྱག་ཞོར། ཟོལ་མེད་ལྷག་བསམ་དག་པའི་མི་རྣམས་དང་གནས་ལུགས་ཀྱི་བདེན་པ་མང་པོར་གུས་པས་བཀུར་བཞིན་འོངས་ལ། ཆེ་ཚུགས་དང་། རང་འདོད། ཚུལ་འཆོས་བཅས་ཀྱི་རྗེས་སུ་འབྲང་བའི་ཀླད་རྙིང་མཁྲེགས་བཟུང་ཅན་མང་པོའི་ཁ་གཏད་དུ་འགྲེངས་ནས་མི་དམངས་ཀྱི་བུ་ཕྲུག་ཅིག་གི་ལ་རྒྱ་ལྷོད་དུ་བཅུག་མ་མྱོང་། ངོ་མ་འཇིག་རྟེན་འདི་ན་བསམ་བསམ་འདོད་འདོད་ཐམས་ཅད་མངོན་དུ་འགྱུར་བ་ནི་ཧ་ཅང་དཀའ་ན་ཡང་། རང་གི་འདུན་པ་ཐམས་ཅད་རང་ས་རང་ཡུལ་ནས་རྙེད་ཅིང་ཐོབ་པ་འདིས། ང་རང་ལན་མང་ཁེར་རྐྱང་དང་ཡི་མུག་གི་གནས་སུ་ལྷུང་ཡང་གནོང་འགྱོད་ཅི། དེ་བས་ང་རང་གསོན་པ་ནི་འཚོ་བ་ཉིད་ཀྱི་སླད་དུ་མ་ཡིན་པར། ང་རང་འཚོ་བ་ནི་ཉག་ཕྲ་བའི་འདུན་པ་ཞིག་དང་ཡལ་བ་མེད་པའི་རྨི་ལམ་ཞིག་གི་སླད་དུ་ཡིན་པ་ཡིད་ལ་བརྟན་པོར་བཟུང་ཡོད། དེ་ནས་བཟུང་། ང་རང་ལ་ཤག་ཤག་གི་དྲག་ཆར་དང་། ལྡིར་ལྡིར་གྱི་འབྲུག་སྒྲ འུར་འུར་གྱི་རླུང་བུའི་ཚོར་བ་རྣལ་མ་དག་འཐོབ་འདོད་ལ། ལྷུན་བརྗིད་ཀྱི་གངས་རི་དང་། མཐའ་ཡས་པའི་རྩྭ་ཐང་། ཤང་ཤང་གི་ཆུ་མོ་སོགས་ལྷིང་འཇགས་ཀྱི་གནས་མལ་དྲོན་མོ་རེ་མངའ་བར་འདོད།

    ཡར་ཀླུང་ཤེལ་བྲག་གི་ཆེ་ཚུགས་དང་། གཉན་ཆེན་གདང་ལའི་འགྱུར་བག ཡར་འབྲོག་གཡུ་མཚོའི་གཞོན་ཤ་བཅས་ལ་མིག་གིས་རེག་ཅིང་། རེ་བའི་འདུན་པ་གཅིག་པུ་དེར་ཁ་གཏད་དེ་བསྐྱོད་ཡོད་ལ། སློབ་གཉེར་ལ་འཁང་ར་མེད་པར་གཞོལ་བའི་གཞོན་ནུ་ཕོ་མོ་དང་། འཇའ་སྐས་ལ་འཆར་ཡན་གྱིས་འཐམས་ཤིང་འཛེགས་པའི་བྱིས་པ་དག་གི་མིག་སྔར་དགེ་རྒན་གྱི་ངང་ཚུལ་ཞིག་བཟུང་ནས་འོངས། འདི་ལྟར་འདས་ཟིན་པའི་ལོ་ཟླ་ལ་ཕྱིར་མིག་ལྟ་དུས། ང་རང་གིས་ངོམ་ཆོག་པའི་གྲུབ་འབྲས་ཀྱི་རིན་ཐང་ཞིག་འཇིག་རྟེན་འདིར་འཇོག་མ་ཐུབ་ཀྱང་། རྣམ་རིག་བཀྲ་ལ། ཡིད་དུ་འོང་ཞིང་། རེ་བའི་མིག་ཟུང་ཀེམ་ཀེམ་དུ་གཡོ་བའི་ངོ་གདོང་མང་པོར་ཕུགས་འདུན་འཆད་ཀྱིན་འོངས་ཡོད། ད་ཆ་ཡོད་ཚད་ཤོག་དྲིལ་ཁ་ཕྱེ་བ་བཞིན་ང་ཡི་ཡིད་ཡུལ་ན་འཛུམ་ཞིང་དགོད་པ་ནི་ངག་ནས་བརྗོད་ཐབས་བྲལ་བ་ཁོ་ནར་ཟད། མ་གཞི་མི་ཚེ་ནི་ཧ་ཅང་སྟབས་བདེ་བ་ཞིག་སྟེ། སྐྱེ་ཐེངས་གཅིག་དང་ཤི་ཐེངས་གཅིག་གི་གོ་རིམ་ལས་མ་འདས་ཤིང་། ང་རང་ལ་མཚོན་ན། གོ་རིམ་དེའི་ཁྲོད་དུ་རྐང་རྗེས་དང་ལག་རྗེས་འཆད་རི་བ་ཞིག་ཡེ་ནས་མ་མཆིས་མོད། ན་ཆུང་གི་ངོ་གདོང་སྙིང་རྗེ་མོ་ཁྱུ་ཞིག་དང་ལྷན་དུ་ང་ཡི་དུས་ཐུང་གི་མི་ཚེ་འདི་འདའ་རྒྱུ་བྱུང་བ་ནི་ངོ་མ་ཅི་འདྲའི་བསོད་ནམས་ཤིག་རེད་ཨང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།