ཀོང་ཡུལ་ལ་བསྟོད་པའི་གསར་རྩོམ་དམངས་གཞས།
ཚོགས་ཆེན་ཉི་ཤུའི་དགོངས་དོན། །
གངས་ལྗོངས་ས་མཐོར་ཁྱབ་སོང་། །
ཏང་གི་དྲོ་སྐྱིད་ཉི་མ། །
ཀོང་པོའི་ཡུལ་ལ་ཤར་བྱུང་། །
ཀོང་པོ་གཡུ་གཞོང་སྐྱིད་པ། །
ཁྲ་རྒྱན་མེ་ཏོག་མཛེས་པ། །
བྱེའུ་ཆུང་གསུང་སྐད་སྙན་ལ། །
རི་དྭགས་གནས་བཟོད་བདེ་བ། །
རི་བོ་གནམ་ལྕགས་འབར་བ། །
བཞེངས་པའི་ལྷ་ལས་མཚར་བ། །
མཛེས་པའི་བྲག་གསུམ་མཚོ་མོ། །
གཡུ་ཡི་མེ་ལོང་འདྲ་བ། །
དངུལ་གྱི་པ་ཏྲ་འདྲ་བའི། །
ཆབ་དཀར་ཉང་ཆུ་གཙང་པོ། །
བདུད་རྩི་ཡན་ལག་བརྒྱད་ལྡན། །
ཆབ་ནག་ཡར་ཀླུང་གཙང་པོ། །
ཤེས་རིག་ལྡུམ་རའི་ནང་གི །
བྱིས་པ་བློ་ལྡན་རི་བོང་། །
མ་འོངས་ཀོང་པོའི་ཆེད་དུ། །
ཤེས་བྱའི་སྟོན་མོར་རོལ་འདུག །
ལྷ་རྗེ་ལག་རྩལ་ཅན་གྱིས། །
གསོ་རིག་རལ་གྲི་ཁྱེར་ནས། །
ཉམ་ཐག་ནད་པའི་ཚོགས་རྣམས། །
གཤིན་རྗེའི་ཁ་ནས་བསྐྱབས་སོང་། །
ཀོང་གཞས་ཚིག་དོན་ཟབ་པ། །
ཀོང་བྲོ་རྡོག་སྒྲ་འགྲིག་པ། །
གཞས་ར་གྲུ་བཞིའི་ནང་གི།
ཨ་སྐྱིད་ལྷ་ལས་མཚར་བ། །
མདའ་མོ་སྐལ་བཟང་ལྷ་མོ། །
གཞུ་མོ་ཚེ་རིང་སྨྱུག་མ། །
མདའ་ར་བཀྲ་ཤིས་གླིང་གི །
ཨ་དར་ཕོ་ཉམས་དོད་པ། །
ཨ་མ་ཚེ་རིང་ལོ་བརྒྱའི། །
སྔོ་ཚལ་ཚལ་རིགས་མཉམ་དུ། །
ཨ་ཕ་བཀྲ་ཤིས་བག་གྲོའི། །
བོད་ཕག་ཤ་ཚིལ་ཞིམ་པ། །
ཀོང་པོ་བུ་མོ་མཛེས་པ། །
ཤིང་འབྲས་འདེབས་ལས་མཁས་པ། །
ཕོ་གསར་ལྟ་བཟོ་དོད་པ། །
ཡོང་འབབ་གསོག་ལ་མཁས་པ། །
མཁའ་འགྲུལ་ལྷ་བྱ་རྒོད་པོ། །
ས་འགྲུལ་གཡུ་འབྲུག་སྔོན་མོ། །
ཁོད་ཡངས་སྣུམ་ནག་གཞུང་ལམ། །
གླིང་བཞིའི་མགྲོན་གྱིས་ཁེངས་སོང་། །
ཀོང་ཡུལ་ཆར་ཆུ་འཛོམས་པ། །
ལོ་གཅིག་སྟོན་ཐོག་ཉིས་བརྩེགས། །
བདུད་རྩིའི་ལོ་ཆང་མཆོད་ན། །
ཀོང་པོའི་ཡུལ་ལ་ཕེབས་ཤོག །