ཕ་ཡུལ་གྱི་སྟོན་ཁ།
ལྗང་མདོག་གཡུ་ཡི་མདངས་འཛིན་རི་ལུང་ཀུན། །
དུས་ཀྱི་རླུང་བུས་རྒྱང་ནས་རྒྱང་དུ་སྤྱུགས། །
གྲང་ལྷགས་སིལ་སིལ་ལྡང་བའི་ནམ་ཟླ་སྟོན། །
ཕ་ཡུལ་དགའ་མའི་པང་དུ་དལ་གྱིས་བསླེབས། །
དབྱར་གསུམ་ནམ་ཟླ་ཆར་ཆུས་བསྐྱངས་པ་ལས། །
ལང་ཚོ་དར་ལ་འབབ་པའི་མེ་ཏོག་ཁྱུ། །
བསིལ་རླུང་ངར་མའི་དཔུང་གིས་མཐར་བསྐོར་ནས། །
ཡིད་འོང་འཇོ་སྒེག་ལང་ཚོ་ག་ལེར་བཅོམ། །
ཞིང་ཐང་ཡངས་པོར་སྙེ་མའི་རྦ་རླབས་འཕྱུར། །
སྟོན་བསྡུའི་ལས་ལ་བྲེལ་བའི་སོ་ནམ་པའི། །
ངོ་གདོང་རྔུལ་ཆུས་འཚོས་པའི་ནམ་ཟླ་དེ། །
དགའ་སྐྱིད་འཚོ་བ་བསུ་བའི་གཞི་མ་ལགས། །
ལས་གཞས་ལྷང་ལྷང་ལེན་པའི་སྨན་ཆུང་མའི། །
རྒྱ་ལྕང་སྐྲ་ལོའི་ལྷས་མའི་བར་གསེང་དུ། །
བཏགས་པའི་སེར་མདོག་སྙེ་མའི་རྒྱན་ཆ་ནི། །
སྟོན་རླུང་བསིལ་བུས་འགུལ་བའི་སྣང་བརྙན་མཚར། །
བཅོས་མིན་འཛུམ་དཀར་གྲོལ་བའི་སོ་ནམ་པའི། །
ལག་མཐིལ་དཀའ་སྡུག་རི་མོས་གང་ན་ཡང་། །
དཀར་ནག་ནས་འབྲུའི་ཕུང་པོ་དེའུ་འབུར་བཞིན། །
སྤུངས་པའི་གཡུལ་ཁ་མཐོང་དུས་ཡིད་སེམས་དགའ། །
སྟོན་གསུམ་རླུང་བུས་གཡུག་པའི་ལྕང་གསེབ་ན། །
ལོ་འདབ་སེར་པོའི་ཁྱུ་ཚོགས་གཅིག་ཏུ་བསྒྲིལ། །
སྐབས་རེ་གར་ལ་རྩེན་པའི་སྟངས་སྟབས་ཀྱིས། །
དབྱར་གསུམ་བུ་མོར་གྱེས་ཕྱག་ཡང་ཡང་ཕུལ། །