སེམས་འཕྲིན་ཡིད་ཀྱི་མེ་ཏོག
ཁམས་བཟང་། སེམས་ཀྱི་མི། སྙིང་གི་ཤ ཁྱོད་རང་ཉེ་ལམ་རྐྱེན་དང་བར་ཆད་ཀྱི་གེགས་གང་ཡང་མེད་པར། སྐུ་གཟུགས་གསལ་ཐང་ཡིན་པའི་བརྡ་འཕྲིན་བདག་ལ་བདུན་འཁོར་གོང་མར་འབྱོར་བྱུང་བས། བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་ཡོད་ལ། བདག་ཀྱང་དེ་བཞིན་རྐྱེན་ངན་གེགས་བར་སོགས་ཅི་ཡང་མེད་པར་ཁམས་བདེར་གནས་ལགས་སོ།
སྙིང་སྡུག་ལགས། ང་གཉིས་ནི་ལས་དང་སྨོན་ལམ་གྱིས་སྟོབས་ཤུགས་ལས་དལ་བརྒྱད་འབྱོར་བཅུའི་ལུས་རྟེན་རྙེད་པ་དང་། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ་སྐྱེས་པ། ཕ་ཡུལ་གཅིག་པའི་ཡུལ་མིར་གྱུར་པ། ཡིད་འོང་རིག་པའི་ཚལ་དུ་གཡུ་སྦྲང་བཞིན་དུ་ལྷན་ཅིག་ཤེས་བྱའི་རྩི་བཅུད་ལེན་ལ་འགྲན་པའི་གོ་སྐབས་བྱུང་བ་སོགས་ནི་ལས་དབང་གི་མཐུ་སྟོབས་བཙན་པས་རེད་ཨང་།
རོགས་ཆུང་ང་གཉིས་ནི་ཆུང་བྱིས་པའི་དུས་ནས་ལོ་རིམ་གོང་འོག་གཅིག་གི་ཁྱད་པར་ཙམ་ལས་སློབ་གྲྭ་འགྲིམ་སའི་ཁོར་ཡུག་གཅིག་མཚུངས་ཡིན་ཞིང་། དེ་ནས་ལོ་ཟླ་དུས་ཀྱི་གོམ་འགྲོས་དང་དབྱར་དགུན་སྟོན་དཔྱིད་ཀྱི་འཁོར་འགྲོས་དང་འགྲོགས་ཏེ། ང་གཉིས་ཀྱི་འབྲེལ་བ་ཡང་ཐོག་མར་སློབ་གྲོགས་ཀྱི་འབྲེལ་བ་ནས་ད་ནི་སློབ་གྲོགས་ཀྱི་འབྲེལ་བ་ལས་ལྷག་པའི་མཛའ་གཅུགས་ཀྱི་འབྲེལ་བར་གྱུར་ཡོད་ཨང་། ང་གཉིས་བར་གྱི་བརྩེ་དུང་ནི་གཞན་གྱིས་འོས་སྦྱོར་བྱས་པ་མིན་ལ། ཕ་མས་བཙན་གྱིས་བསྡེབས་པ་ཡང་མིན། ང་གཉིས་བར་གྱི་བརྩེ་དུང་ནི་ཨ་གསར་བཅོས་མ་མིན་ལ། དུས་ཐུང་ཟློས་གར་འཁྲབ་པ་ཡང་དེ་བས་མིན། ང་གཉིས་བར་གྱི་བརྩེ་དུང་ནི་རང་འདོད་རང་མོས་ལས་འཁྲུངས་པའི་མྱུ་གུ་ཞིག་ཡིན་ལ། རང་དབང་སེམས་མཐུན་གྱིས་བཏབ་པའི་མེ་ཏོག་ཅིག་ཀྱང་ཡིན། ང་གཉིས་བར་གྱི་བརྩེ་དུང་ནི་མ་བཅོས་ལྷག་བསམ་རྣམ་དག་ཅིག་ཡིན་ལ། དོན་ལྡན་ལུགས་མཐུན་ཞིག་ཀྱང་ཡིན།
སློབ་ཆེན་དུ་བྲེལ་ན་རྟ་ཕོ་བཞིན་རྒྱུག་ཆོག་ལ། དལ་ན་ཕག་པ་བཞིན་ཉལ་ཡང་ཆོག འདི་ལྟར་གླེང་ཡོང་དུས་སློབ་ཆེན་ནི་རང་དབང་ལྡན་པ་ཞིག་དང་། ཁོམ་པ་མང་དུས་ཤིག་ཡིན་པ་ངང་གིས་མངོན་ནུས། ང་རང་ད་ལྟ་སློབ་ཆེན་ལ་ཡོད་པས་ན། ཁྱོད་རང་གི་སེམས་ལ་ང་རང་བློ་སེམས་འགྱུར་བའམ་ཁྲེལ་མེད་ཀྱི་ལས་འདྲ་བྱ་ངེས་སྙམ་པའི་དོགས་པའི་མཚོ་མོ་རྒྱས་སྲིད་ལ། ཁྱོད་སེམས་ཀྱི་ནམ་མཁར་ཐེ་ཚོམ་གྱི་སྤྲིན་ནག་ལང་ལོང་དུ་འཁྲིགས་ཀྱང་སྲིད། འོན་ཀྱང་། ཁྱོད་རང་བློ་སེམས་བདེ་མོར་བྱོས། ངས་སློབ་ཆེན་དུ་དམིགས་དབེན་གྱི་ཕྱིར་རྟ་ཕོ་བཞིན་རྒྱུག་སྲིད་པ་ལས་ཕུགས་བསམ་ཅི་ཡང་མེད་པའི་ཕག་པ་བཞིན་ཉལ་མི་སྲིད། དེ་བས་ཁྱོད་ཀྱི་སེམས་སུ་དོགས་པའི་མཚོ་མོ་རྒྱས་དགོས་མེད་ལ། ཐེ་ཚོམ་གྱི་སྤྲིན་ནག་འཁྲིགས་དགོས་མེད། ངའི་སེམས་ནི་ཁྱོད་ཀྱིས་ཡོངས་སུ་འཕྲོག་ཟིན་པས་གཞན་གྱིས་ཕྲོགས་པའི་སྐལ་བ་མེད། གནམ་སའི་མཚམས་སུ། ཁྱེད་ནི་ངའི་བརྩེ་དུང་གི་འོད་སྣང་འཕྲོ་ས་དང་། ང་སེམས་བུང་བའི་གཞོན་ནུ་འཁོར་སའི་མཛེས་སྡུག་གི་མེ་ཏོག་གཅིག་པུ་དེའོ།
ཡིད་ཆེས་ཀྱི་རྒྱབ་རི་བརྟན་ན། ལྷག་བསམ་གྱི་གངས་རི་དཀར་ན། དམ་བཅའ་ཡི་རི་མོ་གསལ་ན། བཅོས་མིན་གྱི་མཛའ་གཅུགས་ལ་འགྱུར་བ་ཅི་ལ་འབྱུང་སྲིད། རོགས་སེམས་མཐུན་ང་གཉིས་ལ་དེ་དོན་ཧ་ཅང་མཁོ་བས། དེ་ནི་རྟག་ཏུ་ང་གཉིས་ཀྱི་སེམས་བསམ་པའི་དཀྱིལ་ལ་འཇོག་དགོས་འདུག་ཨང་། སྙིང་སྡུག་མ། ངས་ཁྱོད་རང་ལ་ཡིད་ཆེས་དང་། རེ་བ། བརྩེ་བ་དང་། ལྷག་བསམ། དམ་བཅའ་དང་། མ་འོངས་བཅོལ་ཡོད་པས། མང་པོ་ཞིག་ཤོད་དགོས་ཅི་ལ་མཆིས། མཛའ་མོ་ལགས། ངས་ཁྱོད་རང་ལ་རེ་འབོད་ཅིག་ཞུ་འདོད། ཁྱོད་རང་ལ་འོས་འགན་ཉག་གཅིག་རང་ཡོད་དེ། བློ་སེམས་བདེ་མོས་རང་གི་ཕུགས་བསམ་གྱི་དོན་དུ། ཕ་མ་ཡི་རེ་ལྟོས་ཆེད་དུ། མ་འོངས་ཀྱི་འཚོ་བའི་དོན་དུ། ང་གཉིས་ཀྱི་བདེ་སྐྱིད་སླད་དུ། སློབ་སྦྱོང་ལ་སྔར་ལས་ལྷག་པའི་བརྩོན་པ་གནང་རྒྱུ་དེའོ།
དགའ་དགའ་ལགས། གལ་སྲིད། བདག་ལ་ཁོམ་པའི་གནས་སྐབས་ཤིག་བྱུང་ཚེ། ཁྱོད་རང་ལ་ལྟ་བར་བསླེབས་ཡོང་། སྐབས་དེ་དུས་ང་གཉིས་ཀྱིས་སྙིང་གཏམ་ལྷུག་པོར་གླེང་ཆོག་ལ། དཔུང་པ་མཉམ་གཤིབ་ཀྱིས་འཆམ་འཆམ་ལ་སྐྱོད་ཆོག འོན་ཏེ། ད་ལྟ་ཁྱོད་རང་ལ་ཆ་མཚོན་ན། རང་གི་གཟུགས་པོར་དཔྲལ་བའི་མིག་འབྲས་ཇི་བཞིན། ཁོག་པའི་སྙིང་ཆུང་ཇི་བཞིན་བདག་སྐྱོང་མང་ཙམ་གནང་རོགས་ཞུ། ངའི་རེ་བ་ཡིན། སྙིང་སྡུག་ལགས།
བརྩེ་བའི་ཕྱི་ཐག་གཙང་ཆབ་སྔོན་མོ་རྒྱུན་ཆད་མེད། །དུང་བའི་བློ་སེམས་གངས་རི་དཀར་པོ་ནག་ནོག་མེད། །དམ་བཅའི་རི་མོ་རྡོ་རྗེ་ཕ་ལམ་འགྱུར་བ་མེད། །ཁྱོད་ཀྱི་ཡོད་ཚད་བདག་གི་སེམས་ན་ཡལ་བ་མེད།། ང་ཡི་སྙིང་སྡུག་མ།