དབུ་ཤོག>བོད་ཀྱི་རིག་གནས།>རིག་དངོས་རྟོག་ཞིབ།
  • རྫ་ཆུའི་ངོགས་ཀྱི་ཚྭ་ཞིང་ལས། གནའ་བོའི་གྲོང་ཚོའི་གསོན་ཤུགས་མངོན།

    སྨར་ཁམས་རྫོང་གི་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་འཛམ་གླིང་རིག་གནས་ཤུལ་བཞག་ཏུ་རེ་འདུན་ཞུ་བའི་བརྟག་ཞིབ་ཐོར་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-25

    འདི་ནི་སྨར་ཁམས་གནའ་བོའི་ཚྭ་ཞིང་གི་རྟོག་ཞིབ་ཚོགས་པས་ལྕགས་རྟ་ཚྭ་ཞིང་དུ་རྟོག་ཞིབ་བྱེད་བཞིན་པ།

    ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་དུ་རྒྱུག་བཞིན་པའི་རྫ་ཆུའི་ངོགས་གཉིས་སུ་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཆེ་ཆུང་འདྲ་མིན་སྣ་ཚོགས་པའི་ཚྭ་ཞིང་སྟོང་ཕྲག་དུ་མ་ཡོད་པ་དང་། ཤིང་གི་ཀ་བས་བཏེགས་པའི་ཚ་ཞིང་དེ་དག་ལུང་ཤུར་གྱི་ས་བབ་དང་བསྟུན་ནས་མཐོ་དམན་བར་གསུམ་དུ་ཁྱབ་ཅིང་། གནས་དེ་གའི་མི་རྣམས་ཀྱིས་གཙང་འགྲམ་གྱི་ཁྲོན་པ་དང་རྫིང་བུ་ནས་ཚྭ་ཆུ་འཐེན་ཏེ་ཞིང་ནང་དུ་འདྲེན་གྱི་ཡོད་པ་དང་། ཉི་རླུང་གཉིས་ལ་བརྟེན་ནས་ཆུ་རྣམས་སྐམ་དུ་བཅུག་སྟེ་མཐར་ཚྭ་གཅིག་པོ་ལྷག་གི་ཡོད། ཚྭ་ཞིང་དེ་དག་གི་འོག་ཏུ་མདུང་དབྱིབས་ཀྱི་ཤེལ་ཚྭ་བགྲང་ལས་འདས་པ་ཞིག་ཆགས་ཡོད་པ་ནི་ཆུ་ཤེལ་ཕོ་བྲང་གི་འཇིག་རྟེན་ཞིག་དང་གཉིས་སུ་མ་མཆིས།

    ཉེ་ཆར། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྨར་ཁམས་གནའ་བོའི་ཚྭ་ཞིང་དུ་དམིགས་བསལ་གྱི་རྟོག་ཞིབ་ཚོགས་པ་ཞིག་འབྱོར་བ་སྟེ། དེ་ནི་རྒྱལ་སྤྱིའི་གནའ་ཤུལ་ལས་འཛིན་ལྷན་ཚོགས(ICOMOS)ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲན་ཏུང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཅང་པོའོ་ཡིས་སྣེ་ཁྲིད་ཅིང་། ཧྲན་ཏུང་སློབ་ཆེན་རིག་གནས་ཤུལ་བཞག་ཞིབ་འཇུག་གླིང་དང་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཤེས་ལྡན་པའི་ལས་དོན་རུ་ཁག་གིས་གྲུབ་པའི“སྨར་ཁམས་ཀྱི་གནའ་བོའི་ཚྭ་ཞིང་ལ་རྟོག་ཞིབ་བྱེད་མཁན་གྱི་ཚོགས་པ”རེད།

    རྟོག་ཞིབ་ཚོགས་པས་རྫ་ཆུའི་ཁ་ལས་སྨི་95ཟིན་པའི་ལྕགས་རྟ་ཚྭ་ཞིང་ནས་ཐུར་དུ་བབས་ཏེ་ར་སྐྱོར་དང་རྣང་མ་བརྒྱུད་མཐོ་ཚད་སྨི་1.5ཟིན་པའི་འོག་རིམ་ཚྭ་ཞིང་དུ་བསྐྱོད་མཐར། གཞི་ནས་གཙང་འགྲམ་དུ་འགྱིང་ངེར་ཆགས་པའི་གནའ་བོའི་ཚྭ་ཁྲོན་དུ་འབྱོར། སྨར་ཁམས་རྫོང་ཡུལ་སྐོར་ཅུས་ཀྱི་ཕེབས་རོགས་ཞུ་མིས་ངོ་སྤྲོད་བྱས་པར་གཞིགས་ན། ཐང་རྒྱལ་རབས་ཀྱི་སྐབས་ནས་སྨར་ཁམས་ཚྭ་ཁྲོན་དུ་ཚྭ་སྐེམ་པ་དང་ཚྭ་སྙོལ་བའི་ལོ་རྒྱུས་ཡོད་པ་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་ལོ་མང་རིང་གནའ་བོའི་ཚྭ་ཞིང་གི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། 2008ལོར་ཡར་ཀ་གྲོང་ཚོའི་ཚྭ་སྙོལ་བའི་ལག་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པར་ཚུད་པ་དང་། 2012ལོར་སྨར་ཁམས་གནའ་བོའི་ཚྭ་ཞིང་དེ་ཉིད་ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲ་སྒྲིག་གསལ་ཐོར་ཚུད་པ། 2013ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་བདུན་པ་ཡོངས་བསྒྲགས་བྱས་པར་སྨར་ཁམས་གནའ་བོའི་ཚྭ་ཞིང་ཡང་དེའི་གྲས་སུ་བདེ་བླག་ངང་ཚུད་ཡོད་པ་རེད།

    ཚྭ་ཁྲོན་གྱི་འོག་རིམ་དུ་སྐྱོད་སྐབས་རྟོག་ཞིབ་ཚོགས་པས་ཚྭ་ཆུའི་སྙིགས་བསིང་རྫིང་བུར་ཞིབ་པར་བལྟས། “ས་རྒྱུས་རྐྱེན་པས་ཤར་ངོགས་ནས་ཚྭ་ཐོན་ཚད་དེ་ནུབ་ངོགས་ལས་མང་བ་དང་། ཚྭ་ཁྲོན་གྱི་ཚྭ་ཞིང་ནི་ཤིང་གི་ཀ་བ་མང་པོས་སྐྱོར་མ་བྱས་ཤིང་། སྒྲོམ་ཐོག་ཆུ་སིམ་རང་བཞིན་ཆེ་བའི་འདམ་བག་གིས་ངོས་སྙོམས་པོ་བཟོས་ཏེ། སྟེང་དུ་གྲུ་བཞིའམ་གྲུ་བཞི་ནར་མོའི་དབྱིབས་ཀྱི་ཤིང་ཆས་ཐོག་བཀབ་ཡོད་པ་དང་། ཐོག་ཁར་རྩྭ་རིགས་དང་སྐྱེ་དངོས་དང་ཚྭ་ལེབ་བཏིང་སྟེ། རྫ་ཆུའི་ངོགས་ཀྱི་ཚྭ་རྫིང་ནས་འཁྱེར་ཡོང་བའི་ཚྭ་ཆུ་བཤོས་རྗེས་གཟའ་འཁོར་གཅིག་རིང་ཉི་སྐམ་དང་རླུང་སྐམ་བཏང་ན། དཀར་དམར་མཉམ་བསྲེས་ཀྱིས་ཤེལ་ཚྭའམ་ཚྭ་རྡོག་ཆགས་ཀྱི་ཡོད”ཅེས་མཉམ་དུ་ཡོད་པའི་མིས་རྟོག་ཞིབ་ཚོགས་པར་ཚྭ་ཞིང་གི་ཚྭ་སྙོལ་བའི་ལག་རྩལ་ངོ་སྤྲོད་བྱས།

    གཙང་འགྲམ་གྱི་གནའ་བོའི་ཚྭ་ཞིང་ནས་རྡོག་ཐོན་བྱས་ཏེ་རྟོག་ཞིབ་ཚོགས་པ་དང་བཅས་པས་ད་དུང་ཡར་ཀ་གྲོང་ཚོའི་གནའ་བོའི་ཡུལ་མིའི་སྡོད་ཁང་དང་དམངས་སྲོལ་རྟེན་མཛོད་ཁང་དུ་བརྟག་ཞིབ་བྱས། ས་གནས་དེ་གའི་ཚྭ་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་ནི་གནའ་ཉམས་དོད་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དེའི་ལོ་རྒྱུས་ཐང་རྒྱལ་རབས་བར་ཁུངས་འདེད་བྱས་ཆོག གླིང་སྒྲུང་གི《འཇང་གླིང་གཡུལ་འགྱེལ》ནང་དེའི་སྐོར་འཁོད་ཡོད། དེང་གི་ཆར་ཡང་ཚྭ་སྙོལ་བའི་ལག་རྩལ་དེ་སྔར་བཞིན་ས་གནས་དེ་གའི་གྲོང་མིའི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།

    གནའ་བོའི་ཚྭ་ཞིང་ལ་རྟོག་ཞིབ་བྱེད་པའི་ལས་དོན་མཇུག་འགྲིལ་རྗེས། རྟོག་ཞིབ་ཚོགས་པ་དང་བཅས་པས་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་དང་ཡུལ་སྐོར་འཕེལ་རྒྱས་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་སྨར་ཁམས་ཀྱི་ཚྭ་ཞིང་འཛམ་གླིང་ཤུལ་བཞག་ཏུ་རེ་འདུན་ཞུ་བའི་ལས་དོན་ཚོགས་འདུར་ཞུགས་པ་མ་ཟད། སྨར་ཁམས་ཀྱི་གནའ་བོའི་ཚྭ་ཞིང་གི་སྲུང་སྐྱོང་གནས་ཚུལ་དང་། ཤུལ་བཞག་རིན་ཐང་། ཤུལ་བཞག་འདུན་ཞུའི་ཐབས་ཇུས་སོགས་ལ་ཆེད་མངགས་གྲོས་བསྡུར་བྱས་པ་རེད།

    “ང་ཚོས་སྨར་ཁམས་གནའ་བོའི་ཚྭ་ཞིང་གི་མཚན་སྙན་སྔ་ས་ནས་ཐོས་མྱོང་། ས་ཡུལ་དངོས་སུ་སླེབས་རྗེས་གནའ་བོའི་ཚྭ་ཞིང་གི་གཞི་ཁྱོན་དང་མཛེས་ལྗོངས་ལ་དངོས་གནས་ཧང་སངས་བྱུང་། དེ་ནི་གསོན་ཉམས་དོད་པའི་ཤུལ་བཞག་ཅིག་དང་། གནའ་མིའི་བློ་གྲོས་བདེན་དཔང་ཐུབ་པའི་བྱས་རྗེས་ཕུལ་བྱུང་ཅན་ཞིག་རེད”ཅེས་དགེ་རྒན་ཆེ་མོ་བ་ཅང་པོའོ་ཡིས་བཞུགས་མོལ་ཚོགས་འདུར་གོ་ལ་ཧྲིལ་པོའི་འཛམ་གླིང་ཤུལ་བཞག་གི་གནས་ཚུལ་དང་འཕེལ་ཕྱོགས་ངོ་སྤྲོད་བྱས་པ་མ་ཟད། སྨར་ཁམས་ཀྱི་གནའ་བོའི་ཚྭ་ཞིང་དེ་འཛམ་གླིང་རིག་གནས་ཤུལ་བཞག་ལ་རེ་འདུན་ཞུ་བར་ལེགས་ཆ་ཆེན་པོ་བཞི་ལྡན་ལུགས་དམིགས་སུ་བཀར་ནས་གླེང་ཡོད་པ་སྟེ། གཅིག་ནས་རང་བྱུང་དང་རིག་གནས་མཉམ་འདྲེས་དང་། གཉིས་ནས་རིག་གནས་ཤུལ་བཞག་དང་མངོན་མིན་རིག་གནས་ཤུལ་བཞག་མཉམ་འདྲེས། གསུམ་ནས་ཇ་རྟ་ཚོང་ལམ་དང་ཟུང་འབྲེལ་བྱེད་པ། བཞི་ནས་གདོད་མའི་སྐྱེ་ཁམས་ཤེས་དཔལ་གྱི་བདེན་དཔང་ཐུབ་པ་བཅས་རེད། ཁོང་གིས་སྨར་ཁམས་རྫོང་གི་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་དེ་ཉིད་འཛམ་གླིང་ཤུལ་བཞག་ཏུ་འདུན་ཞུ་ཐུབ་ཚེ། ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཁྱིམ་ཚང་ཆེན་པོའི་བཟོ་ལས་ཤུལ་བཞག་དང་། ཚན་རྩལ་ཤེས་དཔལ། མི་དང་ས་ཆའི་འབྲེལ་བ་བཅས་ཀྱི་ཞན་ཆ་གསབ་ཐུབ་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།