གཏམ་དཔེ་སྒྱུར་ཐབས་སྐོར་རགས་ཙམ་གླེང་བ།
རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་ཀྱི་ཁྱད་པར་དང་། བསམ་བློའི་འཁྱེར་སོ། འཇིག་རྟེན་གྱི་ལྟ་ཚུལ་སོགས་མི་འདྲ་བའི་དབང་གིས་གཏམ་དཔེ་ལའང་ཁྱད་པར་ཅུང་ཟད་ཡོད་པས། དེ་སྒྱུར་བའི་སྐབས་འོས་ཤིང་འཚམ་པའི་སྒྱུར་ཐབས་ཤིག་ཡོད་དགོས། ཡིན་ནའང་གཏམ་དཔེའི་ཡིག་སྒྱུར་སྐབས་དཀའ་གནད་མང་པོ་ཞིག་འཕྲད་ངེས་པ་སྟེ། མཐའ་གཅིག་ཏུ་ཐད་སྒྱུར་སྤྱད་ན་གཏམ་དཔེའི་བསྟན་དོན་གོ་དཀའ་བའམ། ཡང་ན། མི་རིགས་གཉིས་ཀྱི་བརྡ་སྤྲོད་དང་གོ་ལྡོག་འགྲོ་བ་དང་། དོན་སྒྱུར་ཐལ་དྲགས་ན་མ་ཡིག་གི་བརྗོད་དོན་དང་མཐུན་ཡང་ཡིག་འབྲུ་མང་བ་དང་ཉན་ན་རྣ་བར་མི་བདེ་བ་སོགས་ཀྱི་སྐྱོན་ཡོང་གི་ཡོད། འགྱུར་སྐྱོན་དེ་དག་ཞིབ་པར་བརྗོད་ན།
ཐད་སྒྱུར་ཐལ་དྲགས་པ།
མ་གཞི་ཡིག་སྒྱུར་བྱེད་སྐབས་མི་རིགས་དེའི་རིག་གནས་ཀྱི་རྒྱབ་ལྗོངས་དང་ཁྱད་ཆོས་ལ་བསྟུན་དགོས་གལ་ཆེ་ཡང་། གཏམ་དཔེ་ཁག་གཅིག་དེ་ལྟར་བསྒྱུར་ན་སྒྲ་དོན་དང་འགལ་བའི་སྐྱོན་དུ་འགྲོ་བ་ཡིན། དཔེར་ན། སྲན་མ་གླགས་མི་འཁེལ་བར། ནས་རྐྱང་ལ་ཐུབ་ཚོད་ཅེས་པ“豆硬咬不动,欺侮软青稞。”ཞེས་པར་བསྒྱུར་ན། བོད་ཀྱི་གཏམ་དཔེའི་ནང་དོན་ཇི་བཞིན་སྟོན་མི་ཐུབ་པ་ལྟ་ཅི། རྒྱ་ཡིག་གི་ཀློག་པ་པོས་གོ་བ་ལོན་ཐབས་བྲལ། གལ་སྲིད་རྒྱ་ཡིག་གི་སྐད་ཆའི་འགྲོས་དང་བསྟུན་ནས་བསྒྱུར་ན། བོད་ཀྱི་གཏམ་དཔེ་ལ་ལྡན་པའི་ཚིག་ཉམས་ཤོར་ངེས་པས། གཏམ་དཔེ་ཡིག་སྒྱུར་བྱེད་སྐབས་གཅིག་ནས་མི་རིགས་རང་གི་སྔར་ཡོད་ཀྱི་སྐད་ཆའི་འགྲོ་སྟངས་དང་ཁྱད་ཆོས་དང་བསྟུན་དགོས་ལ། གཉིས་ནས་བསྒྱུར་ཟིན་པའི་གཏམ་དཔེ་དེ་འགྱུར་ཡིག་ནས་གོ་བ་ལེན་ཐུབ་པ་གང་ཞིག བརྡ་སྤྲོད་ཀྱི་ལུགས་དང་མཐུན་པར་བྱེད་དགོས།
དོན་སྒྱུར་ཐལ་དྲགས་པ།
དཔེར་ན། ལེགས་པའི་དཔེ་དྲངས། ཉེས་པའི་སྐྱོན་སྤངས་ལྟ་བུར་མཚོན་ན། “扬善行,弃恶行”ཞེས་པར་དོན་སྒྱུར་བྱས་ན། དོན་གོ་རྒྱུ་ཡོད་པ་གང་ཞིག མ་ཡིག་གི་བརྗོད་དོན་དང་ཡོངས་སུ་མཐུན། ཡིན་ནའང་། བོད་ཀྱི་རིག་གནས་དང་འཚོ་བའི་གོམས་གཤིས་ལ་ཆ་རྒྱུས་མེད་མཁན་ཞིག་གི་ངོས་ནས་བརྗོད་ན། རྒྱ་སྐད་ཀྱི་བརྗོད་ཚུལ་དང་མི་མཐུན་པས་འདི་ལྟར་བསྒྱུར་བ་ལས། “弃恶扬善”ཞེས་འཕྲི་སྒྱུར་བྱས་ན། རྒྱ་ཡིག་གི་སྐད་ཆའི་བརྗོད་ལུགས་དང་དེ་བས་འཚམ་པར་སྣང་། གཏམ་དཔེའི་ལོ་ཙཱ་ནི་སྐད་དང་ཡི་གེ་བརྗེ་སྒྱུར་བྱེད་པ་ཙམ་མ་ཡིན་པར། རིག་གནས་མི་འདྲ་བ་གཉིས་ཕན་ཚུན་བརྗེ་རེས་བྱེད་པའི་ལས་འགུལ་ཞིག་ཡིན་པས། དེ་ནི་བྱ་བ་ལས་སླ་པོ་ཞིག་གཏན་ནས་མིན། གོང་དུ་བསྟན་པའི་དཀའ་ཁག་དེ་ལ་བརྟེན་ནས་གུས་མོས་འདིར་སྒྱུར་ཐབས་གསུམ་ཙམ་ངོ་སྤྲོད་བྱེད་འདོད་དེ།
དོ་མཉམ་པའི་སྒྱུར་ཐབས། དེ་ནི་བསྒྱུར་བྱ་མ་ཡིག་དང་སྒྱུར་བྱེད་བུ་ཡིག་གི་ནང་དོན་དང་རྣམ་པ་རྦད་དེ་གཅིག་འདྲ་ཡིན་པར་ཟེར། དཔེར་ན། ར་བསད་ནས་ལུག་འདར་ལྟ་བུར།“杀鸡骇猴”ཞེས་བསྒྱུར་ན། བསྒྱུར་བྱའི་གོ་དོན་འདྲ་བ་མ་ ཟད་རྣམ་པའང་ཧ་ལམ་དོ་མཉམ་པ་ཡིན། དེ་མིན། སྐྱ་ཟད་སྔོ་ཐུག་ལྟ་བུར། “青黄不接”དང་། རང་དཔེ་གཞན་སྟོན་ལྟ་བུར། “以身作则” དྲང་གཏམ་རྣ་བར་གཟན་ལ“忠言逆耳”དང་། མདའ་གཅིག་གིས་ཤྭ་བ་གཉིས་གསོད་ལ་“一箭双雕”ལ་སོགས་པའི་གཏམ་དཔེ་དག་ལ་མཚོན་ན། འགྱུར་ཡིག་རྣམས་མ་ཡིག་གི་དོན་དང་འགལ་མེད་པ་གང་ཞིག མི་རིགས་གཉིས་པོའི་སྐད་བརྡའི་འགྲོས་དང་མཐུན་པ་ཡིན།
ཚབ་སྒྱུར་བྱེད་པ། བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་གཏམ་དཔེའི་རིག་གནས་ཀྱི་གོ་དོན་དང་། ཚིག་སྦྱོར་གྱི་རྣམ་པ། སྣང་བརྙན་སྐྲུན་སྟངས། དཔེ་དོན་སྦྱོར་ཚུལ་སོགས་མི་འདྲ་ཡང་གཏམ་དཔེ་སྤྱིའི་བརྗོད་དོན་གཅིག་མཚུངས་ཡིན་ན། གཏམ་དཔེ་དེ་དག་ཕན་ཚུན་གང་ལ་ཅི་འགབ་ཀྱིས་སྤྱད་ན་ཆོག་སྙམ། དཔེར་ན། སྤྱང་ཀིའི་རྣ་བར་ཆོས་བཤད་ཅེས་པར། “对狼讲经”ཞེས་པར་སྒྱུར་སྲོལ་གཏན་ནས་མེད་པས། “对牛弹琴”ཞེས་རྒྱ་ཡིག་གི་གཏམ་དཔེ་དང་ཁ་འཕྲོད་པའི་གཏམ་དཔེས་ཚབ་བྱས་ན་ཆོག་པ་ཡིན། དེ་བཞིན། མགར་བ་རང་གི་རལ་གྲིས་བསད་ཅེས་པར། “自讨苦吃”ཞེས་དང་། ཇ་ལན་ཆུས་འཇལ་ལ། “恩将仇报” ཀ་བར་འཇག་མའི་ལྷན་པ་ཞེས་པར། “无济于事” མིའི་རི་མོ་ནང་། སྟག་གི་རི་མོ་ཕྱི་ཞེས་པར། “知人知面不知心,画龙画虎难画骨”སོགས་གཏམ་དཔེ་ཧ་ཅང་མང་པོ་ཡོད།
ཐད་སྒྱུར་བྱེད་པ་གང་ཞིག་དེར་མཆན་འདེབས་དགོས། ཐད་སྒྱུར་གྱི་ཐབས་ལ་བརྟེན་ན་མ་གཞི་ཡིག་སྒྱུར་བྱེད་སྐབས་རེ་བ་མཐོན་པོ་ཡོད། དེས་འགྱུར་ཡིག་གི་བརྗོད་ལུགས་དང་མི་འགལ་བའི་གནས་ཚུལ་འོག བསྒྱུར་བྱའི་མ་ཡིག་གི་གཏམ་དཔེའི་ནང་དོན་ཇི་བཞིན་དང་མ་ཡིག་གི་གཏམ་དཔེའི་ཚིག་རྒྱན་གྱི་ཁྱད་ཆོས་ཆ་ཚང་བར་འཛིན་ཐུབ། ཐད་སྒྱུར་གྱི་ལོ་ཙཱ་བྱེད་ཐབས་དེར་རང་ཅག་གིས་སྔ་མོ་ནས་མཐོང་ཆེན་པོ་བྱེད་བཞིན་ཡོད་དེ། རང་ཅག་གི་སྔོན་བྱོན་ལོ་པཎ་རྣམས་ཀྱིས་ཐབས་དེ་ལ་བརྟེན་ནས། ལྷ་སའི་ཕོ་བྲང་པོ་ཏ་ལའི་འཕྲེད་འགེལ་སྒོ་བྱང་ཞིག་ཏུ་རྒྱ་བོད་ཡིག་རིགས་གཉིས་ལས་རྒྱ་ཡིག་ལ། “福田妙果”ཞེས་པ་བོད་ཡིག་ཏུ། “བསོད་ནམས་ཞིང་གི་ངོ་མཚར་འབྲས་བུ”ཞེས་བསྒྱུར་ཡོད་པས། ཡིག་རིགས་གཉིས་པོར་བསྡུར་བ་བྱས་ན། ཡིག་འབྲུའི་གྲངས་མཉམ་ལ་འགྱུར་ཡང་ལེགས་པས། བོད་ཡིག་ནས་རྒྱ་ཡིག་ལ་བསྒྱུར་བའམ་ཡང་ན་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་གང་ཡིན་འབྱེད་དཀའ་བའི་ཚད་ལ་སླེབས་ཡོད། ཐད་སྒྱུར་གྱི་ཐབས་དེ་སྤྱིར་ཡིག་སྒྱུར་ཁྲོད་ཐབས་དམ་པ་ཞིག་ཏུ་བརྩི་བཞིན་ཡོད་ནའང་། དེར་ཡང་སྐྱོན་མི་ཉུང་བ་ཞིག་ཡོད་པ་དཔེར་ན། བོད་ཀྱི་གཏམ་དཔེར། བོང་བུ་བསླངས་པའི་དགའ་ཚོར་མེད་པར། གཞུ་གུ་བཀོག་པའི་ཡ་ལ་ཞེས་པ་དེ། “出力不讨好”ཞེས་པར་བསྒྱུར་ན། སྟབས་བདེ་པོ་དང་ཁ་གསལ་པོ་ཞིག་ཡོད་ནའང་། བོད་ཀྱི་གཏམ་དཔེར་ཡོད་པའི་ཉམས་དེ་བརླག་འགྲོ་ཡི་ཡོད་པས་ཐད་ཀར་སྤྱད་ན་མི་འཚམ། ཡང“扶起驴子没谢意,反怪拉伤驴尾根”ཞེས་ཐད་སྒྱུར་བྱས་ཚེ། བོད་སྐད་ཀྱི་ནང་དོན་ཇི་བཞིན་མཚོན་ཡང་་འགྱུར་ཡིག་ཀློག་པ་པོས་དོན་གོ་མིན་ཆ་མི་འཚལ་བས། ཐད་སྒྱུར་བྱས་པའི་མཇུག་ཏུ། “喻为出力不讨好”ཞེས་མཆན་འགྲེལ་རགས་ཙམ་བཏབ་ན། བོད་ཀྱི་གཏམ་དཔེའི་རིག་གནས་དང་འཚོ་བའི་གོམས་གཤིས་ལ་ཆ་རྒྱུས་མེད་པའི་ཀློག་པ་པོ་ཞིག་ཡིན་ནའང་། གཏམ་དཔེ་དེའི་ནང་དོན་ལ་གོ་བ་ལེན་ཐུབ་ངེས་ཡིན། དེ་བཞིན་དཔེར་ན། བོང་བུའི་རྣ་བར་གསེར་བླུགས་པ་ལྟ་བུ“驴耳装金”ཞེས་ཐད་སྒྱུར་བྱས་རྗེས་དེར། “语近对牛弹琴”ཞེས་པའི་མཆན་འདེབས་པ་དང་། མུ་གེའི་སྒང་ལ་ཟླ་ལྷག གཟའ་རོའི་སྒང་ལ་ཁ་ཀྱོག་ཅེས་པར། “饥荒又逢闰月,中风再加腿瘸”ལ་བསྒྱུར་ནས། དེར་“喻为祸不单行”དང་། ཡོས་རྡོག་སྒྲུག་པའི་ཕྱིར། སྤགས་གོང་རྦབ་ལ་རིལ་ལ། “捡了青稞粒,丢了糌粑团”ཞེས་བསྒྱུར་ནས་དེར། ་“喻为因小失大”ཞེས་པའི་མཆན་འདེབས་པ། ཡང་དབྱར་ཁ་ལྕགས་ལ་བདག་པོ་རྒྱོབ། དགུན་ཁ་རྫ་ལ་བདག་པོ་རྒྱོབ། ནམ་ཞག་རྒྱུན་དུ་ཁ་ལ་བདག་པོ་རྒྱོབ་ལྟ་བུ“夏天留神铁器,冬天爱惜陶器,时常管好嘴巴”ཞེས་ཐད་སྒྱུར་བྱས་རྗེས་མཇུག་ཏུ། “喻为怕生锈,怕冻裂,怕惹事”ཞེས་མཆན་བཏབ་ན་ལེགས་སྙམ།
མདོར་ན། གཏམ་དཔེ་སྒྱུར་བའི་སྐབས། ཐད་སྒྱུར་ཁོ་ན་བྱས་ན་འགྱུར་ལ་སྐྱོན་ཐོན་སྲིད་པས། ང་ཚོས་རྙོག་དྲ་མི་ཡོང་ཆེད་གཤམ་དུ་མཆན་བཏབ་ན། གཅིག་ནས་བོད་ཀྱི་གཏམ་དཔེ་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མ་ཉམས་པ་དང་། གཉིས་ནས་ང་ཚོའི་སྙན་འཇེབས་ལྡན་ཞིང་ནང་དོན་ཟབ་པའི་གཏམ་དཔེར་མི་རིགས་གཞན་གྱིས་ཀྱང་གོ་བ་གསལ་པོ་ཞིག་ལོན་ཐུབ་པས་མཆན་འགྲེལ་འགོད་རྒྱུ་གལ་ཆེ་བར་མཐོང་།
(ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་ཀྱི་པད་མ་ཆོས་འཛོམས)