དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མི་རིགས་མཐུན་སྒྲིལ་ཐུན་མོང་འཕེལ་རྒྱས་དང་། མཛེས་སྡུག་ལྡན་པའི་དུས་རབས་གསར་པ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།   མཆོག་སྐྱིད།   |     སྤེལ་དུས།  2023-11-20

    རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། ལོ་ངོ་སྟོང་ཕྲག་རིང་།    མི་རིགས་ཁག་ཐུན་མོང་ཐོག་གོ་ལ་འདིའི་སྟེང་འཚོ་བ་སྐྱེལ་བ་དང་། རང་བྱུང་ཁོར་ཡུག་གི་ཁྱད་ཆོས་མི་འདྲ་བར་གཞིགས་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་གོམས་སྲོལ་འཕེལ་རྒྱས་བྱུང་ཡོད།  གནའ་དུས་འགྲིམ་འགྲུལ་ཆ་རྐྱེན་མི་བདེ་བའི་དབང་གིས་མི་རིགས་ཁག་གི་རིག་གནས་དེ་མེས་རྒྱལ་གྱི་འབྲི་ཆུའི་ལྷོ་བྱང་གཉིས་སུ་ཁྱབ་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་གཏུག་གི་དགོས་མཁོ་དང་བསྟུན་ནས་མི་རིགས་ཁག་གི་རིག་གནས་སྤེལ་རེས་ཟམ་མི་ཆད་པར་རིམ་གྱིས་མཉམ་འདྲེས་བྱུང་ནས་ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད་མཉམ་བསྲེས་དང་།    རང་རང་གི་ཁྱད་ཆོས་ལྡན་པའི་ཀྲུང་ཧྭའི་རིག་གནས་ཆགས་ཡོད།    

    1959ལོར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་ཏེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རང་ཉིད་ཀྱི་ཆེད་དུ་སྐད་ཆ་ཤོད་ཆོག་པའི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད། མི་ཚང་མས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ལ་བརྟེན་ནས་རང་ཁྱིམ་རང་བདག་དང་སྲིད་ཞུགས་སྲིད་མོལ་བྱས་ཏེ། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཐུབ་པ་བྱུང་ཡོད། རྒྱལ་ཁབ་གཅིག་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་གང་ཞིག་ཁེར་རྐྱང་དུ་འཕེལ་རྒྱས་བཏང་ན་འགྲིག་པ་ཞིག་མ་ཡིན་པར། མི་རིགས་ཚང་མར་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ཡོད་དགོས། གཉའ་གནོན་མྱོང་བ་ནས་བདག་པོར་གྱུར་བའི་བར་གྱི་བར་རྒལ་ཆེན་པོ་དེས་གནད་དོན་མང་པོ་ཞིག་མཚོན་ཐུབ་ཀྱི་ཡོད་པ་སྟེ། གང་ཡང་མེད་པ་ནས་འཕེལ་རྒྱས་ཇི་ལྟར་གཏོང་བའི་བར་དང་། ཇི་ལྟར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པའི་བར་རེད། ཏང་དང་སྲིད་གཞུང་གིས་འཕེལ་རྒྱས་དོ་མཉམ་མིན་པ་དང་འཐུས་སྒོ་མི་ཚང་བའི་གནས་ཚུལ་ཤེས་རྗེས། གནད་དོན་འདི་དག་ཐག་གཅོད་པར་ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་ལས་དོན་དང་། ཚན་སློབ་རིག་གསུམ་བཅས་ཀྱི་ལས་དོན་འཕེལ་རྒྱས་གཏོང་དགོས་པའི་ཐག་གཅོད་བྱས་ཡོད། མི་རིགས་མཐུན་སྒྲིལ་གྱི་གནད་དོན་མི་འདྲ་བ་རྨང་གཞིར་བྱས་ཏེ།“གཏན་འཁེལ་གཉིས”དང་།“འདུ་ཤེས་བཞི”“གདེང་ཚོད་བཞི”“སྲུང་སྐྱོང་གཉིས”བཅས་བཏོན་ཡོད། བོད་ཀྱི་ཞིང་འབྲོག་ལས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། འོན་ཀྱང་ལས་ཀ་བྱེད་མཁན་མང་ཆེ་བས་སྲོལ་རྒྱུན་གྱི་བྱ་ཐབས་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་དམའ་པོ་ཆགས་ཡོད་པས་ཐོན་ལས་ཆ་ཚང་ཞིག་ཆགས་ཁག་པོ་ཡོད། དེར་བརྟེན་ཆེད་ལས་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་དང་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱས་ནས་མི་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག ད་ཆ་བོད་ཀྱིས་ཁྱད་ལྡན་ས་མཐོའི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཐོན་རྫས་འཛམ་གླིང་ཐོག་ཁྱབ་ཐུབ་པ་བྱེད་ཀྱིན་ཡོད།    

    མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་དར་རྒྱས་ཡོང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་མི་རིགས་ཁག་གིས་བོད་དུ་ཐུན་མོང་ཐོག་འབད་འཐབ་བྱས་པ་དང་།    མི་རིགས་མི་འདྲ་བའི་སྐད་ཡིག་དང་རིག་གནས་ཕན་ཚུན་སྤེལ་རེས་བྱེད་པ། མི་རིགས་ཁག་གི་རིག་གནས་གོམས་སྲོལ་དང་འཚོ་བའི་གོམས་གཤིས་མི་འདྲ་བའི་དབར་མཉམ་འདྲེས་རྒྱུད་ཕན་ཚུན་ཤུགས་རྐྱེན་ཐེབས་ཡོད།    མི་རིགས་མི་འདྲ་བའི་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་དང་ཞི་མཐུན་སྤྱི་ཚོགས་བསྐྲུན་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། ཐོག་མཐའ་བར་གསུམ་དུ་ལྟ་སྟངས་གཅིག་པ་འཛིན་ནས་ནུས་ཤུགས་ཡོད་རྒུ་གཅིག་ཏུ་སྤྱོད་པ་བཅས་བྱེད་ཀྱི་ཡོད།

    མི་རིགས་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་། དུས་རབས་ཁྲོད་ཀྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་ཕྱོགས་པའི་མཚོན་ཆ་ཞིག་ཀྱང་ཡིན་པས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་བཏང་ན། མཛེས་སྡུག་ལྡན་པའི་དུས་རབས་གསར་པ་གཏོད་ཐུབ་ངེས་རེད།     

    (བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།        མཆོག་སྐྱིད།)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།