དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རིག་གནས་ཀྱི་ཁྱད་པར་ལས་འཕྲོས་ཏེ་རྒྱ་བོད་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-17

    བོད་ཀྱི་རིག་གནས་འདི་ཉིད་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་སྔོན་བྱོན་ལོ་པཎ་མཁས་གྲུབ་རྣམས་ཀྱིས་མི་རིགས་གཞན་གྱི་རིག་གནས་ཕུལ་དུ་བྱུང་བ་རྣམས་བོད་ཡིག་ཏུ་བསྒྱུར་ནས་ཕྱི་རབས་པར་ངོ་སྤྲོད་མཛད་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་འཕེལ་རྒྱས་གཏོང་བར་མཛད་རྗེས་ཆེན་པོ་བཞག་ཡོད། རང་རྒྱལ་གྱི་ཡིག་སྒྱུར་ལོ་རྒྱུས་སུ་བོད་ཀྱི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་དེ་གྲུབ་སྔ་ཤོས་དང་ཆ་ཚང་ཤོས་དང་། བསྒྱུར་བྱའི་ནང་དོན་ཡང་ཕུན་སུམ་ཚོགས་ཤོས་ཀྱི་གྲས་ཤིག་ཡིན་པས་གཞུང་ལུགས་དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། འོན་ཀྱང་དེང་སྐབས་ལོ་ཙཱ་བ་མི་ཉུང་བ་ཞིག་གིས་སྐད་ཡིག་གཉིས་ཀྱི་ཚིག་དོན་ཙམ་ལས། མི་རིགས་སོ་སོའི་འཚོ་བའི་ཁོར་ཡུག་དང་ཡུལ་གོམས་གཤིས་ལུགས། རིག་གནས་ལོ་རྒྱུས་སོགས་ལ་གོ་བ་མཐིལ་ཕྱིན་པ་མ་ལོན་པའི་རྐྱེན་གྱིས་འགྱུར་སྐྱོན་མང་དག་ཅིག་ཐོན་དང་འཐོན་མུས་སུ་མཆིས། དེ་ནི་ཕལ་ཆེ་བ་བསྒྱུར་བྱ་དང་སྒྱུར་བྱེད་དང་འབྲེལ་བའི་མི་རིགས་སོ་སོའི་དངོས་པོའི་རིག་གནས་དང་། ཡུལ་སྲོལ་རིག་གནས་ཀྱི་ཁྱད་པར་ལ་ཉམས་རྟོགས་དམན་པའི་དབང་གིས་ཡིན་སྟབས། རྒྱ་བོད་ཡིག་སྒྱུར་གྱི་བགྱི་བ་དང་དུ་ལེན་སྐབས། མི་རིགས་མི་འདྲ་བའི་རིག་གནས་དབར་གྱི་ཁྱད་པར་ལ་དོ་སྣང་ཆེན་པོ་བྱེད་དགོས།

    རིག་གནས་དང་ཡིག་སྒྱུར་དབར་གྱི་འབྲེལ་བའི་སྐོར།

    ཡིག་སྒྱུར་གྱི་བྱ་བ་ནི་སྟབས་བདེ་བའི་སྐད་ཡིག་ཕབ་སྒྱུར་ཁོ་ནར་གོ་བ་བླངས་ཚེ་ཁྱབ་ཆུང་བར་སེམས། ཡིག་སྒྱུར་མཁས་པ་ཝང་ཙོ་ལེང(王佐良)གིས“ལོ་ཙཱ་བ་ཞིག་ཡིན་ན་སྐད་རིགས་གཉིས་ལ་བྱང་ཆུབ་པ་དགོས་ཞེས་གསུངས་པ་མི་བདེན་པ་མེད་མོད། འོན་ཀྱང་ལོ་ཙཱ་བ་ཞིག་ཡིན་ན་དོན་དམ་པའི་ཤེས་ཡོན་ཅན་ཞིག་ཡིན་དགོས་པ་ཅི་སྟེ་སྐད་བརྡའི་ཁྲོད་ཀྱི་རིག་གནས་ཀྱི་གོ་དོན་མ་རྟོགས་ན་དོན་དམ་སྐད་བརྡ་དེ་རྟོགས་ཐབས་མེད་དོ”ཞེས་གསུངས་པ་ལྟར། ལོ་ཙཱ་བ་ཚད་ལྡན་ཞིག་ཡིན་མིན་ནི་སྐད་ཡིག་ཕབ་སྒྱུར་བྱེད་ཐུབ་མིན་ཙམ་མིན་པར། བྱེ་བྲག་གི་རིག་གནས་ལོ་རྒྱུས་ལ་རྒྱུས་མངའ་ཆེན་པོ་ཡོད་པའམ། ཡང་ན་སྐད་ཡིག་གཉིས་ཀྱིས་མཚོན་པའི་མི་རིགས་གང་དེའི་རིག་གནས་ལ་ནང་བྱན་ཆུད་མིན་དང་འབྲེལ་བ་དམ་ཟབ་ཡོད་སྟབས། ལོ་ཙཱ་བ་ཞིག་ཡིན་ཕྱིན་མ་ཡིག་དང་བུ་ཡིག་གཉིས་ལ་བྱང་བའི་རྨང་གཞིའི་ཐོག་མི་རིགས་སོ་སོའི་རིག་གནས་ལ་ནང་བྱན་ཆུད་དགོས། འདི་འདྲ་བྱུང་ཚེ་གཞི་ནས་བསྒྱུར་བྱའི་མ་ཡིག་གི་ནང་དོན་ཇི་བཞིན་བུ་ཡིག་ཏུ་ཡང་དག་པར་སྒྱུར་ཐུབ།

    རིག་གནས་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་དང་འདུ་ཤེས་འཛིན་སྟངས་ཤིག་ཡིན་ལ། ཡིག་སྒྱུར་ནི་རིག་གནས་སྣ་ཚོགས་ཕན་ཚུན་བརྒྱུད་སྤྲོད་བྱེད་པའི་གསེར་ཟམ་དང་ལག་ཆ་ལྟ་བུ་ཡིན། དེ་གཉིས་དབར་ལ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ཡོད། ཡིག་སྒྱུར་ནི་མི་རིགས་གཞན་པའི་ཤེས་བྱ་ཡི་ཉིན་བྱེད་འདྲེན་པའི་སྐྱ་རེངས་དང་། ཚན་རྩལ་གྱི་ཉ་མོ་འཛིན་པའི་ལྕགས་ཀྱུ། ཉམས་མྱོང་གི་སྦྲང་ཆར་བསུ་བའི་ཆུ་འཛིན། ཡ་རབས་ཀྱི་ལུགས་བཟང་འདྲེན་པའི་ཤིང་རྟ་ལྟ་བུ་ཡིན་ཞིང་། ཡིག་སྒྱུར་གྱིས་བོད་ཀྱི་སློབ་གསོ་དང་། དཔལ་འབྱོར། ཚན་རྩལ། རིག་གནས་སོགས་དར་རྒྱས་གོང་འཕེལ་འགྲོ་བར་ནུས་པ་འགངས་ཆེན་བཏོན་ཡོད། མི་རིགས་སོ་སོའི་ཡུལ་གོམས་གཤིས་ལུགས་དང་འཚོ་གནས་ཀྱི་ཁོར་ཡུག སྤྱི་ཚོགས་ལོ་རྒྱུས། ཆོས་ལུགས་དད་མོས་སོགས་མི་འདྲ་བའི་རྐྱེན་གྱིས་མི་རིགས་སོ་སོའི་སྐད་ཀྱིས་མཚོན་པའི་རིག་གནས་ཀྱི་བསྟན་དོན་ཡང་མི་འདྲ་བ་ཡིན། དེས་ན། ཡིག་སྒྱུར་གྱི་ལས་ལ་མ་ཞུགས་གོང་དུ་སྔོན་ལ་རིག་གནས་ཀྱི་བསྟན་དོན་ལ་གོ་བ་ཏན་ཏིག་ལོན་ཐུབ་པ་བྱེད་རྒྱུ་ནི་ཡིག་སྒྱུར་གྱི་ངོས་ནས་བརྗོད་ན་ཤིན་ཏུ་གལ་འགངས་ཆེ།

    ལོ་ཙཱ་བས་རིག་གནས་རྣམ་གཞག་སྤྱི་ལ་ངེས་ཤེས་ཟབ་མོ་དགོས།

    ལོ་ཙཱའི་ལས་འགན་ནི་ཕན་ཚུན་འབྲེལ་གཏུགས་མཚམས་སྦྱོར་དང་རིག་གནས་བརྒྱུད་སྤྲོད་བྱེད་པ་དེ་ཡིན། ཡིག་སྒྱུར་ཁྲོད་དཀའ་ཁག་ཆེ་ཤོས་ནི་རིག་གནས་ཀྱི་གོ་དོན་མི་གཅིག་པ་ལས་བྱུང་། དེ་ཡང་ཨ་མི་རི་ཁའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ཡོའུ་ཅིན་ནེ་ཏ་ཡིས(尤金•奈达)“ལོ་ཙཱའི་འགལ་བ་དེ་མཐར་གཏུགས་ནས་བཤད་ན་སྐད་ཆ་དང་རིག་གནས་ཀྱི་འགལ་བ་དེ་ཡིན”ཞེས་གསུངས་པ་ལྟར། ཡིག་སྒྱུར་གྱི་བྱ་བ་ནི་སྐད་རིགས་ཤིག་གམ་ཡིག་རིགས་ཤིག་གི་བསྒྱུར་བྱའི་མ་ཡིག་གི་བསྟན་དོན་རྣམས་ཡང་དག་པར་བསྐྱར་མཚོན་བྱེད་པའི་བྱ་འགུལ་ཞིག་ཡིན་པས་ན། དེ་ནི་སྐྱེ་བོ་ཚང་མས་འཇོན་པའི་བྱ་བ་ལས་སླ་པོ་ཞིག་ག་ལ་ཡིན།

    ལོ་ཙཱ་བ་ཞིག་ལ་ཐོག་མར་འཛོམ་དགོས་པའི་ཆ་རྐྱེན་ནི་སྐད་ཡིག་གཉིས་ལ་ནང་བྱན་ཆུད་དགོས་པ་དང་། མི་རིགས་རིག་གནས་ཀྱི་རྣམ་གཞག་ལ་ངེས་ཤེས་ཟབ་མོ་ཡོད་དགོས་པ། འགན་འཁུར་གྱི་བསམ་པ་དང་ཀུན་སློང་གཙང་མ་ཞིག་ལྡན་དགོས་པ་ཡིན། དེ་ལྟར་བྱུང་ཚེ་གཞི་ནས་ཡིག་སྒྱུར་གྱི་བྱ་བར་བྱས་རྗེས་བླ་ལྷག་འཇོག་ཐུབ། དེ་ཡང་མཁས་དབང་དོར་ཞི་མཆོག་གིས་ལོ་ཙཱའི་གནད་ལྔ་བསྟན་པའི་སྐབས། “སྤྱི་དང་བྱེ་བྲག་ཤེས་བྱའི་གཞུང་ལུགས་ཁོང་དུ་ཆུད”ཅེས་ཡིག་སྒྱུར་གྱི་གནད་དམ་པ་ཞིག་ནི་མ་ཡིག་དང་བུ་ཡིག་གིས་མཚོན་པའི་མི་རིགས་རིག་གནས་ཀྱི་གཞུང་ལ་སྦྱངས་པ་ཐོན་དགོས་པ་དམིགས་སུ་གསུངས་པ་བཞིན། ང་ཚོས་ཡིག་སྒྱུར་བྱ་བའི་ཐོག་མཐའ་བར་གསུམ་དུ་ཡིག་སྒྱུར་གྱི་རིག་གནས་བསྟན་དོན་གྱི་ཁྱད་པར་ལས་བྱུང་བའི་དཀའ་ངལ་དག་ཁྱད་དུ་བསད་དེ། བསྒྱུར་བྱའི་མ་ཡིག་གི་ནང་དོན་ལ་ངེས་ཤེས་ཟབ་མོས་སྒྱུར་བྱེད་བུ་ཡིག་ཏུ་གསལ་བར་ཕབ་རྒྱུ་དེ་གལ་འགངས་ཆེ་བ་ཡིན། ང་ཚོས་གནད་དོན་འདི་ཐག་གཅོད་ཡག་པོ་ཐུབ་ཚེ། གཞི་ནས་ལོ་ཙཱའི་གསེར་ཟམ་བརྒྱུད་ནས་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དབར་ཕན་ཚུན་རིག་གནས་སྤེལ་རེས་ཐུབ་སྟེ། ཡར་ཐོན་དང་། ཞི་བདེ། མཐུན་སྦྱོར་གྱི་སྤྱི་ཚོགས་ཤིག་གཏོད་ཐུབ།

    རིག་གནས་མི་འདྲ་བའི་སྐད་ཡིག་དབར་གྱི་སྒྱུར་ཐབས།

    སྐད་ཡིག་ནི་རིག་གནས་ཀྱི་མཚོན་བྱེད་ཅིག་དང་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་རེད། དེ་ཡང་སྒྲ་རིག་པའི་མཁས་པ་སུའོ་ཤུར(素绪尔)གྱིས“སྐད་ཆ་ནི་མི་རིགས་ཕན་ཚུན་འབྲེལ་བ་བྱེད་པའི་སྒྲ་དོན་འབྲེལ་མའི་བརྡ་རྟགས་མ་ལག་ཅིག་ཡིན”ཞེས་གསུངས་པ་བཞིན། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་དག་སྐད་ཡིག་ལ་བརྟེན་ནས་མཚོན་དགོས་པ་ཡིན། མི་རིགས་མི་འདྲ་བ་སོ་སོའི་རིག་གནས་དབར་ལ་འདྲ་བའི་ཆ་ཡོད་ལ་མི་འདྲ་བའི་ཆའང་ཡོད། ཁྱད་པར་དེ་དག་གཙོ་བོ་མི་རིགས་སོ་སོའི་འཚོ་གནས་ཀྱི་ཁོར་ཡུག་དང་། སྤྱི་ཚོགས་ལོ་རྒྱུས། རིག་གནས་རྒྱབ་ལྗོངས། བསམ་པའི་ཀུན་སློང་། ཡུལ་སྲོལ་གོམས་གཤིས་སོགས་ཐ་དད་པ་ལས་བྱུང་། དཔེར་ན། བོད་རིགས་མང་ཚོགས་ནི་གནའ་བོའི་དུས་ནས་བཟུང་གྲང་ངར་ཆེ་བའི་ས་མཐོར་འཚོ་སྡོད་བྱེད་ཅིང་། འབྲོག་ལས་ཐོན་སྐྱེད་གཙོ་བོར་བྱེད་པའི་མི་རིགས་ཤིག་ཡིན་སྟབས། ནོར་ཕྱུགས་ལ་རིགས་ཀྱི་སྒོ་ནས་དབྱེ་ན། འབྲི་དང་། མཛོ། སྐམ། གཡག་སོགས་ཧ་ཅང་མང་པོ་ཡོད་པ་དང་། རྒྱ་ཡིག་ལ་དེ་དག་ཚང་མར་སྤྱིར“牦牛”ཞེས་མིང་གཅིག་གིས་གོ་ཆོད་པར་བྱས་ནས་སྒྱུར་བཞིན་ཡོད། རྒྱ་རིགས་མང་ཆེ་བ་ས་བབ་དམའ་བའི་ཐང་གཤོངས་དང་མཚོ་འགྲམ་དུ་འཚོ་སྡོད་བྱེད་པའི་དབང་གིས་ཉ་ལ་རིགས་མང་པོ་འབྱེད་པ་སྟེ། དཔེར་ན། “鳄鱼 星鱼 够鱼 黄鱼 鲤鱼 鲸鱼”ཞེས་པ་སོགས་ལྟ་བུའོ། བོད་པ་རྣམས་མཚོ་ནང་གི་སྲོག་ཆགས་ལ་རྒྱུས་མངའ་དེ་ཙམ་མེད་པས། ཉ་དང་། རུས་སྦལ། ཆུ་སྲིན་སོགས་ཀྱི་སྤྱི་མིང་ཙམ་ལས། ཉ་རིགས་བྱེ་བྲག་པ་རེ་རེར་མིང་རེ་བཏགས་པ་ཆེས་ཉུང་།

    རང་རྒྱལ་གྱི་མཁས་དབང་ཅི་ཤན་ལིན(季羡林) གྱིས“སྐད་དང་ཡི་གེ་མི་འདྲ་བ་ཡོད་ཙ་ན། རྒྱལ་ཁབ་གཅིག་གམ་མི་རིགས་གཅིག ཡང་ན་རྒྱལ་ཁབ་བམ་མི་རིགས་མང་པོའི་དབར་ལོ་ཙཱ་ནི་ངེས་པར་དུ་དགོས་ཏེ། གལ་ཏེ་ལོ་ཙཱ་མེད་པའི་དབང་དུ་བཏང་ན། མི་དང་མིའི་དབར་བསམ་བློ་བརྗེ་རེས་དང་རིག་གནས་སྤེལ་རེས་བྱེད་མི་ཐུབ། ཐ་ན་མིའི་རིགས་ཀྱི་སྤྱི་ཚོགས་ཀྱང་འཕེལ་རྒྱས་འགྲོ་དཀའ”ཞེས་གསུངས་པ་ལས་ལོ་ཙཱའི་བྱ་བའི་གལ་ཆེའི་རང་བཞིན་རྟོགས་ཐུབ། ང་ཚོས་མི་རིགས་ཤིག་གི་ རིག་གནས་གོམས་གཤིས་ལ་བརྩི་འཇོག་དང་རྒྱུས་མངའ་བྱས་ནས། མི་རིགས་མི་འདྲ་བའི་རིག་གནས་བསྟན་དོན་ལ་གཞིགས་ཏེ་བབས་བསྟུན་གྱིས་ལོ་ཙཱ་ཐུབ་པར་དོ་སྣང་བྱེད་དགོས། དཔེར་ན་ནང་སའི་ས་ཆ་མང་པོར་སྨྱུག་མ་སྐྱེ་བཞིན་པའི་དབང་གིས་རྒྱུན་གཏན་གྱི་སྐད་ཆའི་ཁྲོད་དུ་སྨྱུག་མ་དང་འབྲེལ་བའི་དཔེ་མང་པོ་ཡོད། དཔེར་ན། རྒྱ་སྐད་ཀྱི“犹如雨后春笋”ལྟ་བུ་རེད། འདི་ལྟ་བུ་བོད་སྐད་དུ“ཆར་རྗེས་ཀྱི་སྨྱུག་གསར”ཞེས་བསྒྱུར་ན་མི་འཚམ་པས། བོད་ཀྱི་རིག་གནས་དང་འབྲེལ་ཏེ“ཆར་རྗེས་ཀྱི་ཤ་མོ”ཞེས་པར་བསྒྱུར་ཚེ། ཐོས་པ་ཙམ་གྱིས་དོན་རྟོགས་སླ་ཞིང་ཉམས་སྣང་འཆར་རྒྱུ་ཡོད། དཔེར་ན། “胸有成竹”ལྟ་ བུས་གདེང་ཚོད་ཡོད་པའི་དོན་བསྟན་པས“ཁོག་ནང་དུ་སྨྱུག་མ་ཡོད”ཅེས་ཐད་སྒྱུར་བྱས་ཚེ་བཞད་གད་ཀྱི་རྒྱུ་རུ་གྱུར་པ་གདོན་མི་ཟ། ཡང་རྒྱ་ཡིག་གི“三个臭皮匠,顶一个诸葛亮” ཞེས་པའི་གཏམ་དཔེ་དེ་ཐད་སྒྱུར་ལ་མ་གཞོལ་བར“ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ”ཞེས་བསྒྱུར་ན་གསོན་ཉམས་དོད་པ་དང་། “班门弄斧”ཞེས་པ་བོད་སྐད་དུ་སྒྱུར་སྐབས“སངས་རྒྱས་ལ་ཀ་ཁ”དང་། “魔高一尺,道高一丈”ཞེས་པར“ཁྱོད་ལ་ངན་པ་དགུ་འཛོམས་ན། ང་ལ་བཟང་པོ་བཅུ་འཛོམས་ཡོད”ཅེས་བོད་རང་གི་རིག་གནས་ཁོར་ཡུག་དང་མཐུན་པའི་གཏམ་དཔེ་ལྟར་བསྒྱུར་ན་དོན་དང་མི་འགལ་ལ་ཉམས་དང་ལྡན། དེ་མིན་དཔེར་ན། “一针见血”ལྟ་བུ་བོད་སྐད་དུ“ཁབ་གཅིག་བཙུགས་པས་ཁྲག་དོན” ཞེས་ཐད་སྒྱུར་གྱི་ཐབས་སྤྱོད་པ་ལས། བོད་མི་རང་གིས་གོ་བདེ་བའི་གཏམ་དཔེ“རྣག་ཐོག་གཙག་འཁེལ”ཞེས་པར་བསྒྱུར་ན་འོས་ཤིང་འཚམ་སྙམ། དཔེར་ན། “一只老鼠坏一锅汤” ལྟ་བུར“མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུག ཟས་ངན་གཅིག་གིས་ཁོག་པའི་སྟོད་སྨད་དཀྲུག”དང “金无足赤,人无完人”ལྟ་བུར“ཤིང་མཛེར་མེད་རྒྱ་གྲོང་ནགས་ན་མེད། མི་སྐྱོན་མེད་འཛམ་བུ་གླིང་ན་མེད”ཅེས་པར་བསྒྱུར་ན་འོས་ཤིང་འཚམ། དཔེར་ན། “眼中钉”ལྟ་བུ“མིག་ནང་གི་གྲ་མ”ཞེས་བསྒྱུར་ཚེ་རྗོད་བྱེད་དཔེའི་སྣང་བརྙན་མི་གཅིག་ཀྱང་བརྗོད་དོན་གཅིག་མཚུངས་སྟོན་ནུས་པ་ཡིན། ཡང་རྒྱ་ཡིག་གི“近朱者赤,近墨者黑”ཞེས་པ་བོད་ཡིག་ཏུ“གང་ཞིག་གསེར་གྱི་རི་ལ་གནས་བཅའ་ན། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་གྱུར། །གང་ཞིག་དུག་གི་རི་ལ་གནས་བཅའ་ན། །དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་གྱུར། །”ལྟ་བུའམ་ཡང་ན་བོད་ཀྱི་དམངས་ཁྲོད་དུ་དར་བའི་གཏམ་དཔེ“བཙག་དང་བསྡེབས་ན་དམར། རམས་དང་སྡེབས་ན་སྔོ”ལྟ་བུར་བསྒྱུར་ཚེ། གཏམ་དཔེའི་གསོན་ཉམས་ཀྱི་རང་བཞིན་དང་གོ་བསྐོན་བློ་འགུག་གི་ནུས་པ་བླ་ལྷག་ཏུ་ཐོན་ཐུབ་པ་ཡིན།

    མདོར་ན། ཡིག་སྒྱུར་གྱི་བྱ་བ་ལེགས་པར་སྒྲུབ་དགོས་ན་སྐད་རིགས་གཉིས་ཀྱི་བརྡ་ལ་བྱང་དགོས་པ་གང་ཞིག སྐད་རིགས་གཉིས་ཀྱི་བརྡ་ཡིས་བསྟན་པའི་རིག་གནས་ཀྱི་བསྟན་དོན་ཡང་མཐིལ་ཕྱིན་པ་རྟོགས་དགོས། གལ་སྲིད་མ་ཡིག་དང་བུ་ཡིག་གི་རིག་གནས་བསྟན་དོན་ཇི་བཞིན་ཁོང་དུ་མ་ཆུད་ཚེ་བརྡ་ལ་བྱང་པ་ཙམ་གྱིས་ཡིག་སྒྱུར་གྱི་བྱ་བ་བདེ་བླག་ཏུ་སྒྲུབ་ཐབས་བྲལ་བ་སྨོས་མི་དགོས། དེས་ན་ང་ཚོས་རྒྱ་བོད་ཡིག་སྒྱུར་བྱ་གཞག་ལ་སྐུལ་འདེད་བཏང་ནས་མི་རིགས་ཕན་ཚུན་གྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། འཆམ་མཐུན་དང་། ཡར་ཐོན། ཞི་བདེ། དམངས་གཙོ། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་པར་ཡིག་སྒྱུར་གྱི་ནུས་པ་གང་ལེགས་འདོན་དགོས།

    (ཉིང་ཁྲི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཟླ་བ་ཚེ་རིང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།