འགྱུར་མེད་ཀྱི་བརྩེ་དུང་།
མཛེས་ལྡན་དཔྱིད་དཔལ་གྱི་མགྲོན་པོ། །
བདག་གི་སྤང་ལྗོངས་ལ་ཕེབས་བྱུང་། །
བསིལ་འཇམ་རླུང་བུ་དང་བསྡེབས་ནས། །
བདག་གི་ཡིད་ངོགས་སུ་བཞད་བྱུང་། །
ལས་འཕྲོའི་གསེར་ཟམ་གྱི་བར་དུ། །
གཡུ་སྦྲང་འཐམ་འཁྱུད་ལ་རོལ་སོང་། །
དུང་བའི་འབྲས་བཟང་གི་བཅུད་ལས། །
མེ་ཏོག་འཛུམ་ཞལ་ཡང་གྲོལ་སོང་། །
སིམ་སིམ་སྦྲང་ཆར་གྱི་བདུད་རྩིས། །
དྲན་པའི་སྐོམ་པ་ཡང་སེལ་སོང་། །
བུ་མོའི་རེ་སྒུག་གི་ལས་ལ། །
རེ་བའི་འོད་ཟེར་ཞིག་འཁྲུངས་སོང་། །
འབྲས་ལྡན་བརྩེ་དུང་གི་ཟེའུ་འབྲུ། །
དྲི་བཞོན་བུ་མོ་ཡིས་མ་དཀྲུགས། །
དྲན་གདུང་རི་རབ་ལས་ལྕི་དུས། །
བུ་མོའི་སེམས་པ་ནི་འཁྱག་ཡོང་། །
དགུན་གསུམ་གྲང་རླུང་གི་འཕྱན་མོ། །
འཁྱམ་རྐུན་བ་མོ་དང་འདྲ་ཡང་། །
ཆུ་དང་ཉ་མོ་ཡི་བརྩེ་བར། །
དར་གྱིས་འགོག་ཐབས་ཤིག་མེད་ཨང་། །