དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ཚོར་བ་ཐན་ཐུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གུ་དཔལ་ཤིས།   |     སྤེལ་དུས།  2023-11-14

    ཞེ་འདི་མནན་ན་མ་རེད། །

    སླར་ཡང་སེམས་ལ་འཁོར་འོང་། །

    ཆར་རླུང་འཚུབ་མ་ཟེར་བ། །

    ཡིད་ཀྱིས་མྱོང་བྱེད་མ་རེད། །


    ཚོར་བའི་འཁྲིས་སུ་ཡོད་པ། །

    ལས་ཀྱི་ལན་ཆགས་ཡིན་འདྲ། །

    ལས་འཕྲོ་གར་སྡོད་གར་བཞུད། །

    ཚོར་བའི་ཆུ་ལྟར་རྒྱུག་འགྲོ། །


    མིག་གིས་ཟིན་རྒྱུ་མི་འདུག །

    རྣ་བས་ཐོས་རྒྱུ་མི་འདུག །

    དགུང་གི་རྟ་བདུན་དབང་པོ། །

    དྲོད་ལ་ཉེ་རིང་མ་གཏོང་། །


    ངག་འདི་འཇམ་ཞིང་འཇམ་པ། །

    འཇམ་པོའི་བལ་དང་འདྲ་བྱུང་། །

    མཐོངས་ཀྱི་སྤྲིན་དཀར་ལུག་ཁྱུ། །

    ཡང་ཡང་འཚོ་སྙིང་འདོད་བྱུང་། །


    ཚོར་བའི་ལ་གཞུང་ཟེར་བ། །

    དབྱར་ཟླ་འབྲིང་པོའི་ནང་རེད། །

    ཉིན་ལ་ལྗང་མདོག་མཛེས་པ། །

    མཚན་ལ་ཆར་སྒྲ་སྙན་པ། །


    རྨི་ལམ་མཁར་གྲོང་དེ་རུ། །

    ལན་གཅིག་འཛོམས་པས་དགའ་བྱུང་། །

    འཛོམས་པའི་ཆང་གཞས་རེ་རེ། །

    ད་དུང་རྣ་བར་འཁོར་བྱུང་།


    ཡིད་ཀྱི་ཟླ་འོད་ངོགས་དང་། །

    ཚོར་བའི་སྤང་ལྗོངས་དེ་རུ། །

    གོམ་བགྲོད་ལས་ཀྱི་རི་མོ། །

    ཅི་འདྲའི་མིག་ལ་མཚར་བ། །


    སྣང་བ་གཟུགས་སུ་ཕབ་ན། །

    དཔེ་འཇོག་གང་ཞིག་མཛའ་བ། །

    མྱོང་བའི་འཇིག་རྟེན་འདི་ནས། །

    རྙེད་པའི་ཚོད་ཅིག་མི་འདུག །


    ཡིད་གཞུང་བརླན་པའི་ཟིལ་པ། །

    ཆུ་རིས་བཞིན་དུ་འཛུམ་བྱུང་། །

    གྲིབ་མའི་ཞེ་ཡི་མཁར་རྫོང་། །

    ཅི་འདྲའི་བརྟན་ཞིང་བརྗིད་པ། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།