དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ཚོར་སྣང་ཕྱོགས་མེད་མདའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཨོ་ཏོག་བསྟན་ཉི།   |     སྤེལ་དུས།  2023-11-14

    མི་ཡུལ་གྱི་སྐད་ཆའི་ཁྲོད་ནས། །

    དྲང་བདེན་གྱི་ཐིགས་པ་ཟགས་ན། །

    རྒྱུ་འབྲས་ཀྱི་འཛུམ་ཆུང་བཞད་དེ། །

    ཡུལ་ལུང་ལ་འོད་སྣང་ཤར་ཡོང་། །


    རྒྱ་གྲོང་གི་ཁྲོམ་གཞུང་དཀྱིལ་ནས། །

    བསམ་ཤེས་ཀྱི་སྟོན་ཆར་བབས་ན། །

    ལས་དབང་གི་གླུ་ཆུང་བླངས་ཏེ། །

    ཡུལ་ཁམས་ལ་བརྩེ་བ་འཁྲུངས་ཡོང་། །


    ཕ་ཡུལ་གྱི་རྩྭ་ཐང་གྲུ་བཞིར། །

    དཀྱེལ་ཡངས་ཀྱི་གཞུང་དྲང་ལྡན་ན། །

    མེ་ཏོག་གི་སྐྲ་ལོའི་གསེབ་ནས། །

    བདེ་སྐྱིད་ཀྱི་འཛུམ་མདངས་མཐོང་ཡོང་། །


    འགྲན་རྩོད་ཀྱི་ཁོར་ཡུག་ཀློང་དུ། །

    བརྩོན་འགྲུས་ཀྱི་བྱང་རླུང་ལྡང་ན། །

    བདེ་སྡུག་གི་རྣམ་གཞག་བར་ནས། །

    གཞིས་ཁྱིམ་ལ་གཡང་ནོར་འཁོར་ཡོང་། །


    འདས་སོང་ལ་ཕྱིར་དྲན་བྱེད་ཞོར། །

    ད་ལྟ་ཡི་ལམ་བུར་འབད་ན། །

    འབྱུང་འགྱུར་གྱི་མི་ཚེའི་ལམ་བུར། །

    འཇའ་འོད་ཀྱིས་བསུ་མ་ལོས་བྱེད། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།