དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ཨ་མའི་ཡོད་ཚད་བུ་ཡི་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སོར་གདུབ།   |     སྤེལ་དུས།  2023-11-14

    ངལ་དུབ་རྔུལ་ཆུའི་རྒྱུན་དེ་རྒྱབ་ལ་བསྐུངས། །

    སྐྱིད་སྣང་ཟོལ་མའི་འཛུམ་ཞིག་གདོང་ལ་བསྐོན། །

    འགན་འཁྲི་ཕྱག་གིས་བཞེས་པའི་འཚོ་བའི་ཁྲོད། །

    སྐྲ་ལོའི་ཉག་མ་རེ་རེར་ཁ་བ་བབས། །


    འཁོར་བའི་སྐྱོ་སྣང་དྲན་པའི་སྦུབས་ལ་བཅུག །

    སྤྲོ་སྣང་བཅོས་མའི་གཤིས་ཤིག་ལུས་ལ་འཆང་། །

    འབར་འབུར་མི་ཚེ་རིང་མོའི་གཏམ་རྒྱུད་ནང་། །

    གདོང་ལ་གཉེར་མའི་གས་སྲུབས་ངང་གིས་ཆགས། །


    མི་མཐུན་འཚོ་བའི་འགལ་བ་རུམ་དུ་སྦས། །

    དགའ་སྣང་རྫུ་བའི་རྣམ་འགྱུར་སྐུ་ལ་ཐིམ། །

    མི་རྟག་ཆོས་ཉིད་ཅིག་གི་བར་མཐོངས་ནས། །

    ཨ་མའི་སྐུ་ལུས་འབྱུང་བཞིའི་དགྲ་ཡིས་བཅོམ། །


    མ་དགའ་དགའ་མདོག་བྱེད་པ་བུ་ཡི་དོན། །

    མ་སྤྲོ་སྤྲོ་མདོག་གནང་བ་བུ་ཡི་སླད། །

    མ་སྐྱིད་སྐྱིད་མདོག་གནང་དོན་བུ་ཡི་ཕྱིར། །

    ཨ་མའི་ཡིད་ངོར་བསམ་རྒྱུ་བུ་ཆུང་ཉིད། །


    འཚོ་བའི་རྔུལ་ཆུའི་ཁྲོད་དུ་ཨ་མ་འཛུམ། །

    འཁོར་བའི་མྱ་ངམ་ཐང་ན་ཨ་མ་དགོད། །

    མི་རྟག་འཇིག་རྟེན་འདི་ན་ཨ་མ་ཉིད། །

    སྨྲེ་སྔགས་དོར་ཏེ་ཞི་བའི་བརྟུལ་ཞུགས་འཛིན། །


    སྒྱུ་མའི་ལམ་ལ་ཀྱག་ཀྱོག་མང་ན་ཡང་། །

    ཨ་མའི་ཡིད་ངོར་འབར་འབུར་འཕྲང་ལམ་མེད། །

    འཁོར་བའི་དོང་ལ་རྙོག་འཛིང་ལྡན་གྱུརད་ཀྱང་། །

    བུ་ཡི་དོན་དུ་ཨ་མར་འཁང་ར་མེད། །


    སྣང་སྟོང་འཁོར་འདས་གཉིས་ཀྱི་རྒྱུ་མཚམས་སུ། །

    སྐྱེ་འཆིའི་ཁ་དོག་བར་གྱི་མ་ཡུམ་མཆོག །

    ཡོད་ཚད་བུ་ལ་སྟེར་བའི་བྱང་སེམས་མ། །

    ཨ་མའི་ཐུགས་རྗེ་སུ་ཡིས་གཞལ་ནུས་མིན། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།