དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ཕ་མའི་བཀའ་དྲིན་ད་ལྟ་དྲན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ནག་ཤོད་ང་རོའི་ཚེར་སྒྲ།   |     སྤེལ་དུས།  2023-11-14

    ཆུང་བྱིས་པ་སྐྱིད་པོ་ཡིན་པའི་དུས། །

    འགྲོ་མི་འདོད་སློབ་གྲྭ་བྱ་བ་ཡིན། །

    བྲལ་མི་འདོད་ཞིང་ཐང་འབྲོག་ར་ཡིན། །

    ཐེངས་དུ་མ་ཞུ་བ་འཐེན་པའི་དུས། །


    བཀའ་གཤེ་གཤེ་གནང་མཁན་ཨ་ཕ་ཡིན། །

    སྐྱིད་སྣང་བ་མཐོ་བའི་བྱིས་དུས་སུ། །

    སྡོད་མི་འདོད་སློབ་ཁང་གྲུ་བཞི་ཡིན། །

    ཉན་མི་འདོད་རྒྱ་ཡིག་སློབ་ཚན་རེད། །


    ཐེངས་དུ་མ་ངག་སྐྱོར་མ་བཏང་དུས། །

    རྐུབ་དབྱུག་པས་གཙེས་པ་རེ་གཉིས་མིན། །

    བུ་ང་རང་ལོ་ཆུང་བྱིས་པའི་དུས། །

    འབྲི་མི་འདོད་སྦྱོང་ཚན་ཀྱག་ཀྱོག་རེད། །


    སྐྱོར་མི་འདོད་ལྗོན་པའི་དབང་པོ་རེད། །

    ཐེངས་དུ་མར་གྲོད་ཁོག་ལྟོགས་པའི་དུས། །

    ལྐོག་ཟ་མ་སྐྱེལ་མཁན་ཨ་མ་ཡིན། །

    བདེན་རང་སྣང་ཆེ་བའི་བྱིས་དུས་སུ། །


    བུ་དཔའ་བོ་ཟེར་བ་ང་རང་ཡིན། །

    བརྙས་མཐོང་ཆུང་མང་པོ་བཤད་པའི་ཚེ། །

    ཐེངས་དུ་མ་མི་རྒན་བཙལ་ནས་ཡོང་། །

    ཉན་མི་འདོད་མི་རྒན་གནས་ལུགས་ཡིན། །


    བུ་ང་རང་ལོ་ན་ཆུང་དུས་སུ། །

    ཆེས་དགའ་ཤོས་རྩེད་མོ་རྩེ་རྒྱུ་ཡིན། །

    ཆེས་སྐྱིད་པའི་འདམ་བག་བརྫི་དུས་སུ། །

    ཐེངས་དུ་མར་གོས་ཐུང་འདམ་གྱིས་ཁེངས། །


    ཆེས་སྣང་མེད་ཨ་མར་འཁྲུད་དུ་བཅུག །

    བུ་ང་རང་གཉིད་ལས་སད་པའི་དུས། །

    རྒྱང་སློབ་གྲྭར་འགྲོ་བ་རང་གི་དོན། །

    བཀའ་གཤེ་གཤེ་གནང་བ་རང་གི་ཆེད། །


    ཐེངས་དུ་མའི་བསླབ་བྱ་དྲན་པའི་དུས། །

    མགོན་ཕ་མའི་བཀའ་དྲིན་ད་ལྟ་དྲན། །

    བུ་ང་རང་སློབ་གྲྭར་འགྲོ་བའི་དུས། །

    སྐྱིད་ཟེར་ན་ཨ་ཕའི་རྒྱབ་ན་སྐྱིད། །


    ཆེས་སྐྱིད་པའི་ཨ་ཕའི་སྦག་སྦག་སྟེང་། །

    དབྱར་ཆར་པ་བཏང་བ་རེ་གཉིས་མིན། །

    མགོན་ཕ་མའི་བཀའ་དྲིན་ད་ལྟ་དྲན། །

    བུ་ང་རང་གཞན་ཡུལ་འགྲིམ་པའི་དུས། །


    དབྱངས་གསལ་བྱེད་ངག་འདོན་བྱས་པའི་ཚེ། །

    ངས་དཔེ་དེབ་བལྟས་ནས་ཀློག་པའི་དུས། །

    ཞེ་འགྱོད་པའི་མིག་ཆུ་གཏོང་བཞིན་དུ། །

    མགོན་ཕ་མའི་བཀའ་དྲིན་ད་ལྟ་དྲན། །


    བུ་ང་རང་རྒྱལ་ཁམས་འགྲིམ་པའི་ཚེ། །

    དྲིན་ཨ་ཕ་འདྲ་བའི་ཡབ་གཅིག་མེད། །

    དྲིན་མ་ལོ་འདྲ་བའི་ཡུམ་གཅིག་མེད། །

    ཀུན་བུ་ཕྲུག་འཚོ་བའི་དོན་གཉེར་བ། །


    མགོན་ཕ་མའི་བཀའ་དྲིན་ད་ལྟ་དྲན། །

    བུ་ང་རང་ཡུལ་ལ་ལོག་པའི་དུས། །

    སྐྲ་དཀར་པོར་གྱུར་པའི་ཨ་ཕ་དང་། །

    གདོང་གཉེར་མས་ཁེངས་པའི་ཨ་མ་གཉིས། །


    བུ་ང་ཡི་དོན་དུ་རྒས་པའི་དུས། །

    མགོན་ཕ་མའི་བཀའ་དྲིན་ད་ལྟ་དྲན། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།