དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱུན་སྤྱོད་ཐ་སྙད་འགྱུར་མ་གཅིག་གྱུར་ཡོང་ཐབས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཆོས་བཟང་།   |     སྤེལ་དུས།  2023-11-13

    ཉིན་བཞིན་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་སུ། ཆབ་སྲིད་དང་། དཔལ་འབྱོར། ཚན་རིག་སོགས་དང་འབྲེལ་བའི་བྱ་དངོས་གསར་པ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གསར་དུ་ཐོན་དང་ཐོན་མུས་ཡིན་པས། མིང་ཚིག་གསར་པ་དེ་དག་སྐད་རིགས་གཞན་ལས་བོད་ཡིག་ཏུ་སྒྱུར་སྐབས་དེའི་སྒྱུར་ཐབས་ལ་བསམ་བློ་གང་ལེགས་གཏོང་དགོས་ཀྱི་ཡོད།

    བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་བོད་རིགས་འདུས་སྡོད་ཁུལ་གྱི་ཞིང་ཆེན་དང་ལྗོངས་སོ་སོར་བོད་ཡིག་གི་ཚགས་པར་དང་དུས་དེབ། རླུང་འཕྲིན་བརྙན་འཕྲིན། ཡིག་སྒྱུར་ཚན་པ། སློབ་གྲྭ་བཅས་ཀྱིས་རྩོམ་རིག་དང་། ལོ་རྒྱུས། ཚན་རིག་ཤེས་བྱ། དཔལ་འབྱོར་ཆ་འཕྲིན་སོགས་ཀྱི་ཐ་སྙད་མང་པོ་ཞིག་སྐད་རིགས་གཞན་ལས་བོད་ཡིག་ཏུ་བསྒྱུར་ཏེ་བེད་སྤྱོད་བྱས་པ་དེས་བོད་ཀྱི་ཤེས་རིག་འཕེལ་རྒྱས་ལ་དགེ་མཚན་མང་པོ་ཐོན་ཡོད། འོན་ཀྱང་དེ་དག་ནང་སྒྱུར་མི་ལེགས་པ་དང་། ཐ་སྙད་འགྱུར་མ་གཅིག་གྱུར་མ་བྱུང་བ་སོགས་ཀྱི་གནས་ཚུལ་ཡང་མི་ཉུང་བ་ཞིག་ཡོད་པ་ནི། མིག་སྔའི་བོད་སྐད་ཡིག་གི་ཐ་སྙད་གཅིག་གྱུར་བྱེད་པའི་ལས་ཀའི་མགོ་རྙོག་པའི་གནད་དོན་ཞིག་རེད། རྒྱུ་མཚན་དེའི་ཕྱིར་གསར་དུ་ཐོན་པའི་རྒྱུན་སྤྱོད་ཐ་སྙད་ཀྱི་སྒྱུར་སྟངས་ལ་སྣང་འཇོག་དང་འགྱུར་མ་གཅིག་གྱུར་ཡོང་བར་བྱ་རྒྱུ་དེ་གལ་འགངས་ཆེན་པོར་གྱུར་ཡོད། དེས་ན་གསར་བྱུང་གི་བྱ་དངོས་རྣམས་ལ་མིང་གསར་དུ་འདོགས་པའམ་ཐ་སྙད་སྒྱུར་སྐབས་དམངས་ཁྲོད་དུ་ཡོད་མུས་ཀྱི་ཐ་སྙད་འཚོལ་བསྡུ་བྱེད་པ་དང་། བོད་སྐད་རང་གི་འགྲོ་ལུགས་དང་མཐུན་པར་བྱེད་པ། བརྗོད་བྱའི་ནང་དོན་གསལ་པོར་མཚོན་ཐབས་བྱེད་པ་བཅས་ནས་སྒྱུར་གྱི་ཐབས་དམ་པ་རྣམས་སྤྱོད་མཁས་པོ་བྱེད་དགོས་པ་སྟེ།

    གཅིག དམངས་ཁྲོད་དུ་ཡོད་མུས་ཀྱི་ཐ་སྙད་འཚོལ་བསྡུ་བྱེད་དགོས་པ།

    བྱ་དངོས་གསར་པ་ཞིག་ལ་མིང་འདོགས་སྐབས། ལོ་ཙཱ་བ་རྣམས་ཀྱིས་དང་ཐོག་དམངས་ཁྲོད་ངག་ཐོག་ལ་བྱ་དངོས་དེ་མཚོན་པའི་ཐ་སྙད་ཡོད་མེད་རྩད་གཅོད་ཀྱིས་གལ་ཏེ་ཡོད་ན་དེ་ཉིད་སྤྱད་ན་ཡག་པོ་ཡོད་ཅིང་། དམངས་ཁྲོད་དུ་ཡོད་པའི་ཐ་སྙད་ཡག་པོ་དག་སྣང་མེད་དུ་བཞག་ནས་ཨ་ན་ཨུ་ཚུགས་ཀྱིས་ཐ་སྙད་གསར་དུ་བཟོ་བ་ནི་རང་ཉིད་ངལ་བ་སྟེར་བ་ཙམ་ལས་དགོས་པ་གང་ཡང་མེད། གསར་དུ་ཐོན་པའི་བྱ་དངོས་གསར་པ་ཁག་ལ་དམངས་ཁྲོད་དུ་ཡི་གེ་ཤེས་མཁན་དང་མི་ཤེས་མཁན་ཚང་མས་བདེ་བླག་ཏུ་གོ་ཐུབ་ཅིང་བརྗོད་པ་བདེ་བ། མིང་དོན་མཚུངས་པའི་ཐ་སྙད་མང་པོ་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་ཡོད་པ་དཔེར་ན། 微信ལྟ་བུ་བྱ་དངོས་གསར་པ་ཞིག་དོན་མ་ཐག མང་ཚོགས་ཀྱིས་འདི་ནི་སྐད་ཆ་བསྐུར་རེས་བྱེད་པའི་འཕྲིན་སྟེགས་ཤིག་ཡིན་པར་ཤེས་ཏེ། དེར་སྐད་འཕྲིན་ཞེས་མིང་བཏགས་ཀྱང་། ང་ཚོས་ཕྱིས་སུ་མིང་བརྡ་གཅིག་གྱུར་བྱེད་སྐབས་འཕྲིན་ཕྲན་ཞེས་གཏན་འབེབས་བྱས་པ་དང་། 红包ལྟ་བུ་ལ་ཤོག་ཆག་ཟེར་བཞིན་ད་དུང་ཁུག་དམར་ཞེས་བཏགས་པ། 金卡 银卡ལ་གསེར་བྱང་དངུལ་བྱང་ཞེས་དར་ཁྱབ་ཏུ་སོང་ཡོད་ནའང་གསེར་གཱ་དང་དངུལ་གཱ་ཞེས་བཏགས་པ་འདི་ནི་མང་ཚོགས་ཁྲོད་དུ་ཟབ་འཇུག་ཉུང་བ་དང་དམངས་ཁྲོད་ཀྱི་ཐ་སྙད་འཚོལ་བསྡུ་མི་འདང་བའི་སྐྱོན་ཡིན་པ་མཚོན་ཡོད། དེས་ན་གསར་དུ་ཐོན་པའི་ཐ་སྙད་རྣམས་སྒྱུར་སྐབས་མང་ཚོགས་ཀྱི་ཁ་རྒྱུན་དུ་རླུང་ལྟར་གྲགས་པའི་སྔར་ཡོད་ཀྱི་ཐ་སྙད་འདི་རིགས་བཙལ་ནས་བེད་སྤྱོད་དང་དྲིལ་བསྒྲགས་བྱས་ན་གོ་སླ་བ་དང་དང་ལེན་བྱེད་བདེ་བའི་དགེ་མཚན་ཆེན་པོ་ཡོད་པ་མ་ཟད་ཐ་སྙད་གཅིག་གྱུར་ལའང་ཕན་པ་ཆེན་པོ་ཡོད།

    གཉིས། གསར་ཐོན་བྱ་དངོས་ལ་མིང་གསར་པ་བཟོས་ནས་ཐ་སྙད་གཅིག་གྱུར་བྱེད་དགོས་པ།

    ང་ཚོས་བྱ་དངོས་ཀྱི་མིང་གསར་དུ་ཐོན་རིམ་བཞིན་འཕྲལ་དུ་བསྒྱུར་ནས་ཁྱབ་སྤེལ་གཏོང་བ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། གལ་ཏེ་འཕྲལ་དུ་བསྒྱུར་ནས་དུས་ཐོག་ཏུ་ཁྱབ་སྤེལ་གཏོང་མ་ཐུབ་ཚེ། མང་ཚོགས་ཀྱིས་སྐད་ཡིག་གཞན་གྱི་མིང་བརྡ་ཐད་ཀར་དུ་སྤྱོད་དགོས་ཐུག་གི་རེད། དཔེར་ན་ལོ་ཙཱ་བ་ཚོས་སྒྲ་སྒྱུར་དོན་སྒྱུར་ཐད་སྒྱུར་སོགས་ཀྱི་ཐབས་ལ་བརྟེན་ནས་གསར་ཐོན་བྱ་དངོས་耳机ལ་ཉན་ཆས། 复印ལ་པར་སློག 拖把ལ་རས་ཕྱགས། 开关ལ་བསད་སྤར། 手机ལ་ལག་ཐོགས་ཁ་པར་སོགས་སུ་འཕྲལ་དུ་བསྒྱུར་ནས་ཐ་སྙད་ཁྱབ་གདལ་བཏང་ཐུབ་མེད་པ། དེང་གི་དུས་སུ་མི་རྣམས་ཀྱིས་耳机ལ་འར་ཅི། 复印ལ་ཧྥུའུ་དབྱིན། 拖把ལ་ཐོའོ་པཱ། 开关ལ་ཁའེ་ཀོན། 手机ལ་ཧྲོའུ་ཅི་སོགས་འབོད་ངེས་པས། བྱ་དངོས་ཤིག་གསར་དུ་ཐོན་རིམ་བཞིན་བྱ་དངོས་གང་དེའི་ཁྱད་གཞི་ཁྱད་ཆོས་ལ་གཞི་བཅོལ་ཏེ་འཕྲལ་དུ་ཐ་སྙད་གསར་དུ་བཟོས་ནས་ཁྱབ་གདལ་གཏོང་རྒྱུ་གལ་འགངས་ཤིན་ཏུ་ཆེ།

    གཞན་ཡང་། དཔེར་ན་咖啡དང沙拉སོགས་པའི་མིང་དང་། ས་ཆ་དང་མི་མིང་སོགས་ཁག་གཅིག་བོད་སྐད་དུ་དོན་སྒྱུར་རམ་ཐད་སྒྱུར་བྱས་ཚེ་གཅིག་ནས་སྒྱུར་མི་བདེ་བ་དང་་གཉིས་ནས་ཁ་མི་གསལ་ཞིང་གོ་དོན་བདེ་བླག་ཏུའང་རྟོགས་མི་བདེ་བས། 咖啡ལ་ཀོག་ཧྥེ་དང་། 沙拉ཧྲ་ལཱ་ཞེས་ཕྱི་ཡོང་ཐ་སྙད་ཁག་གཅིག་སྒྲ་རང་སོར་བསྒྱུར་ན་ཀློག་བདེ་བ་དང་འཁྲུལ་གཞི་མི་ཡོང་བའི་ཁར། རང་སྐད་ཀྱི་ཐ་སྙད་ཕུན་སུམ་ཚོགས་སུ་འགྲོ་བའི་དགེ་མཚན་ཆེ།

    གསུམ། ཐ་སྙད་གཅིག་གྱུར་མ་བྱུང་བ་དང་གོ་དཀའ་བའི་རིགས་ལ་འགྱུར་བཅོས་དང་གཅིག་གྱུར་ཡོང་ཐབས་བྱེད་དགོས་པ།

    བྱ་དངོས་གསར་པའི་མིང་བསྒྱུར་ཟིན་ནས་ཐ་སྙད་ཅུང་གཏན་འཇགས་བྱུང་བ་ཁག་དཔེར་ན། གློག་ཀླད་དང་། གློག་འཁོར། རླངས་འཁོར། ཁ་པར། འབྱུང་ཁམས་ཁོར་ཡུག་ལྟ་བུ་སོགས་ནི་སྔར་རྒྱུན་བཞིན་བེད་སྤྱོད་དགོས་པ་སྨོས་མེད་ཐོག་སྒྱུར་སྟངས་དེ་རིགས་ལ་སློབ་སྦྱོང་བྱས་ནས་མུ་མཐུད་དར་སྤེལ་གཏོང་དགོས།

    གཞན་ཡང་། དེ་སྔོན་བསྒྱུར་བའི་ཐ་སྙད་གོ་དཀའ་བ་དང་བརྗོད་མི་བདེ་བ། སྒྱུར་སྟངས་མི་ལེགས་པ། གཅིག་གྱུར་དང་བེད་སྤྱོད་མ་བྱུང་བ་ཁག་དཔེར་ན། 保险ལ་བརྟན་བཅོལ་ཞེས་པ་དང་། 拖拉机འདྲུད་འཐེན་འཁོར་ལོ་སོགས་གོ་མི་བདེ་ཞིང་གཏན་ཚིགས་ཀྱི་རང་བཞིན་དང་མི་མཐུན་པ་ཁག་གཅིག་ཡོད། དེས་ན་保险ལ་འགན་བཅོལ་དང་། 拖拉机ལ་ཁ་རྒྱུན་དུ་འཇགས་པའི་ཐོ་ཕྲུག་སོགས་སུ་བསྒྱུར་ན་གོ་བདེ་བར་སྣང་།

    དེ་ལྟར་རྒྱ་བོད་ལོ་ཙཱའི་ལས་ལ་གཞོལ་བའི་སྐད་གཉིས་སྨྲ་བ་རྣམས་དང་མཁས་དབང་མཉམ་དུ་འཛོམས་ནས། ལས་རིགས་སོ་སོའི་རྒྱུན་སྤྱོད་ཐ་སྙད་སྒྱུར་སྟངས་ལ་ཕྱོགས་གང་ས་ཅི་ཐད་ནས་བསམ་འཆར་བསྡུ་ལེན་དང་། འགྱུར་བཅོས། ཁ་སྣོན། གྲོས་བསྡུར་སོགས་བྱས་ཏེ། སྔོན་ཆད་བསྒྱུར་ཟིན་མོད་གཅིག་གྱུར་མ་བྱུང་བ་དང་། སྒྱུར་སྟངས་གནད་ལ་མི་འཁེལ་བ། སྒྱུར་སྐྱོན་ཡོད་པ་རྣམས་བསྐྱར་དུ་ཡང་དག་པར་བསྒྱུར་ནས་གཏན་ལ་ཕབ་སྟེ་དུས་ཐོག་ཏུ་འགྲེམས་སྤེལ་བྱུང་ན་ང་ཚོའི་ཡིག་སྒྱུར་བྱ་གཞག་འདི་ཉིད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ངེས་རེད།

    (བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའི། ཆོས་བཟང)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།