དུས་རབས་གསར་པའི་བོད་ལྗོངས་འཛུགས་སྐྲུན་ལ་གྲུབ་འབྲས་རླབས་ཆེན་ཐོབ་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་བ་མ་ཟད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་འདེད་དང་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། དུས་ཡུན་རིང་པོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་ཡོད་ལ། ཕུགས་རྒྱང་རིང་པོར་འབྲེལ་བ་ཡོད་པའི་དོན་ཆེན་དང་དོན་གནད་མང་པོ་བསྒྲུབས་ནས། སྤྱི་ཚོགས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
གཅིག ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་ཚུགས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་རྒྱལ་ཁབ་ཀྱི་ངོས་འཛིན་གཅིག་མཐུན་དང་མི་རིགས་མཉམ་འདྲེས་བྱེད་པའི་བརྩེ་དུང་གི་འབྲེལ་ཐག་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བའི་སྟོབས་ཤུགས་ཀྱི་འབྱུང་རྩ་བཅས་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་ལ། བོད་ཀྱི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཡང་ཡིན་ཞེས་ནན་གསུངས་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་ལ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། མཐུན་སྒྲིལ་ལ་སྲུང་སྐྱོང་གི་འདུ་ཤེས་ཆགས་པར་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་རང་རྒྱལ་ནི་མི་རིགས་ལྔ་བཅུ་ང་དྲུག་ལས་གྲུབ་པའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་ཀུན་གྱིས་ཐུན་མོང་ཐོག་གསར་འབྱེད་བྱས་པ། ང་ཚོའི་འོད་སྟོང་འཕྲོ་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ། ང་ཚོའི་ཡུན་རིང་གི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ། ང་ཚོའི་རླབས་ཆེན་གྱི་སྙིང་སྟོབས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་སྐྱེད་སྲིང་བྱས་པ་ཞིག་ཡིན་པ་ཀུན་ལ་ཤེས་སུ་བཅུག་ཡོད་པ་མ་ཟད། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ལྷག་པར་དུ་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ལ་བརྟེན་ནས་ཀྲུང་ཧྭའི་རིག་གནས་འདི་ཉིད་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཀྱི་སྦྲེལ་ཐག་དང་བློ་གཏད་བཅོལ་སར་བརྩིས་ནས། ཀྲུང་ཧྭ་མི་རིགས་ནི་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་ངོས་འཛིན་གཏིང་ཟབ་བྱས་ཡོད། 2020ལོའི་ཟླ་1ཚེས་11ཉིན། བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལ་གྲོས་འཆམ་བྱུང་ལ། དེའི་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཁྲིམས་ལུགས་ཀྱི་འགན་སྲུང་ཐུབ་པར་བྱས་ཡོད། དེ་མིན་ཉེ་བའི་ལོ་བཅུའི་རིང་། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ཀྱི་ལྟ་བའི་མཛུབ་སྟོན་འོག བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཡོད།
དེའི་ཕྱིར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་། བོད་ལྗོངས་མི་དམངས་ཡོངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་འཛིན་པའི་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་མོས་སེམས། ཀྲུང་ཧྭའི་རིག་གནས་ལ་འཛིན་པའི་མོས་སེམས། ཀྲུང་གོ་གུང་ཁྲན་ཏང་ལ་འཛིན་པའི་མོས་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་མོས་སེམས་བཅས་ཇེ་ཟབ་ཏུ་ཕྱིན་ཡོད།
གཉིས། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་མཐུད་བྱུང་བ།
དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བར་བྱེད་པའི་དངོས་པོའི་རྨང་གཞི་རེད། ང་ཚོས་གོམ་གང་མདུན་སྤོས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་གང་ལེགས་བྱས་ཏེ། བོད་ལྗོངས་ཀྱི་འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་པ། ཚང་མར་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་ལྡན་པར་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབད་བརྩོན་བཅས་ལས། 2012ལོ་ནས་2022ལོའི་བར། བོད་ལྗོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་710.16ནས་སྒོར་དུང་ཕྱུར2132.6ལ་འཕར་སྣོན་བྱུང་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་23249ནས་སྒོར་58438ལ་འཕར་ཡོད། གངས་ལྗོངས་ས་མཐོའི་དབུལ་ཕོངས་རྫོང(ཆུས)ཚང་མ་དབུལ་ཞྭ་ཕུད་ཟིན་པས། དེ་ནི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་ཞིག་རེད། ང་ཚོས་རང་འགུལ་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་འབྲེལ་འཐུད་བྱས་ཏེ། ཞིང་འབྲོག་ས་ཁུལ་དུ་མཉམ་ལས་ཁང་སོགས་ཐོན་ལས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གསར་དུ་བཙུགས་ཡོད་པ་མ་ཟད། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱོན་ཡོངས་ནས་ཇེ་ལེགས་ཇེ་བཟང་དུ་བཏང་ནས། ལྗོངས་ཡོངས་ན་སྣུམ་ནག་གཞུང་ལམ་མེད་པའི་རྫོང་མེད་ལ། ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་ཐོག་སྔ་རྗེས་སུ་མེ་འཁོར་ཤར་གཏོང་བྱུང་ཡོད། ཁྲོན་བོད་ལྕགས་ལམ་དང་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་སོགས་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་རྣམས་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།
དེའི་ཕྱིར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་ཕྱིན་པ་དང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད།
གསུམ། སེམས་ནུས་ཡོད་རྒུས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་པ།
ཆུ་བོ་ཀུན་གྱི་ཆུ་མགོ་སྟེ། ཡ་གླིང་གི་ཆུ་མཛོད་འཛམ་གླིང་གི་ཡང་རྩེར་འབོད་པའི་མཚོ་བོད་མཐོ་སྒང་ནི་མི་འབོར་དུང་ཕྱུར་ཉི་ཤུ་ལྷག་གི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་སྲུང་ཡོལ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བོད་ས་མཐོར་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད”ཅེས་གསུངས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་། ང་ཚོས་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47དང་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ་22བཙུགས་ཡོད། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཆེད་ཁྲིམས་སྲོལ་དང་སྒྲིག་སྲོལ་60ལྷག་གཏན་འབེབས་ལག་བསྟར་བྱས་ཡོད། ཐོན་ཁུངས་འཛད་སྤྱོད་ཆེ་བའི་ཁེ་ལས་དང་རང་བྱུང་སྐྱེ་ཁམས་ལ་གནོད་པའི་ཁེ་ལས། དུད་རླངས་མང་བའི་ཁེ་ལས་སོགས་བོད་ལྗོངས་སུ་གཞིས་ཆགས་མི་ཆོག་པ་གཏན་འབེབས་བྱས་ཡོད་པ་མ་ཟད། ལྷ་སའི་ལྷོ་བྱང་རི་བོར་ཤིང་འཛུགས་ནགས་བཟོ་དང་། གཙང་པོ་གཉིས་དང་ཆུ་བོ་བཞིའི་ནགས་བཟོ་སྔོ་འགྱུར་ལ་སྐུལ་འདེད་བཏང་ཡོད། གཞིས་ཀ་རྩེའི་ཁོངས་སུ་ཤིང་འཛུགས་ནགས་བཟོ་མུའུ་280.91བྱས་ཡོད་ལ། ཇོ་མོ་གླང་མའི་རྒྱུད་ཀྱི་གད་སྙིགས་ཏུན་714གཙང་སེལ་བྱས་པ། ཧི་མ་ལ་ཡའི་རི་རྒྱུད་དེ་ཁྲུང་ཁྲུང་དཀར་མོའི་ཕ་གཞིས་ཆགས་ཡོད། འབྲོག་སར་དབྱར་དགུན་རེས་འཁོར་བྱེད་པའི་ལུགས་སྲོལ་རྒྱུན་འཁྱོངས་དང་། གཞན་ཡང་། གཙོད་དང་དྲེད་མོང་། གསའ། སྤྲེའུ་སེར། རྐྱང་དང་རྒོ་བ་སོགས་རི་དྭགས་སྣ་མང་རང་བཞིན་སྲུང་སྐྱོང་གང་ལེགས་བྱས་ཡོད་པས། དེ་དག་བོད་ལྗོངས་ས་མཐོའི་ཁོད་ཡངས་པའི་རྩྭ་ཐང་དུ་སོས་དལ་བག་ཕེབས་ངང་འཚོ་གནས་བྱེད་བཞིན། འཕེལ་ཁ་རྒྱས་ཏེ་རི་གྲོང་དང་གཞུང་ལམ་བརྒྱུད་ནས་མཐོང་རྒྱུ་སྔོན་ལས་མང་དུ་ཕྱིན་ཡོད།
དེའི་ཕྱིར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་། བོད་ལྗོངས་ས་མཐོའི་མི་དང་རང་བྱུང་ཁམས་ཕན་ཚུན་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་གང་ལེགས་བྱུང་ཡོད་པ་མ་ཟད། སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ལ་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད།
བཞི། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པ།
བོད་ལྗོངས་ས་ཁུལ་ནི་འབར་མ་དང་རྒྱ་གར། འབྲུག་པ། བལ་པོ་སོགས་རྒྱལ་ཁབ་བཞི་དང་ས་འབྲེལ་ཡིན་ལ། རྒྱལ་མཚམས་ལམ་ཐིག་སྤྱི་ལེ་4000ལྷག་ཙམ་ཡོད། དེའི་ཁྲོད་ཀྱི་སྤྱི་ལེ་ཉིས་སྟོང་ལ་ཉེ་བའི་རྒྱལ་མཚམས་ལམ་ཐིག་དངོས་སུ་དབྱེ་འབྱེད་གཏན་འཁེལ་བྱས་མེད་པས། བོད་ལྗོངས་ནི་རང་རྒྱལ་གྱི་མཐའ་མཚམས་གནས་ཚུལ་རྙོག་འཛིང་ཆེ་ཤོས་དང་མཐའ་སྲུང་འཐབ་རྩོད་རྣོ་ངར་ཆེ་ཤོས་ཀྱི་ས་ཁུལ་ཞིག་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་། ང་ཚོས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། མཐའ་མཚམས་རིམ་པ་དང་པོ་དང་གཉིས་པའི་ཤང་གྲོང་གི་མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་5000དང་4500དང་། ས་མཚམས་ཐག་བཅད་མེད་པ་སོ་སོར་སྒོར་6000དང་5400སྤྲོད་བཞིན་ཡོད། མ་ཟད་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་552གསར་བསྐྲུན་བྱས་ཡོད། གཞན་ད་དུང་དམག་དཔུང་བཅའ་སྡོད་དང་མང་ཚོགས་བདེ་འཁོད་གཉིས་མཉམ་དུ་སྤེལ་བ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། “ཐུན་མོང་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་སྤེལ་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།
དེའི་ཕྱིར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་། ཕྱི་རྒྱལ་གྱི་སིམ་འཛུལ་དང་མུག་ཟོས་ལ་ངོ་རྒོལ་བྱས་པ་མ་ཟད། མི་སུ་ཞིག་གིས་དུས་ཚོད་གང་ཞིག་ལ་རྣམ་པ་གང་ཞིག་གི་ཐོག་ནས་བོད་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་མེས་རྒྱལ་ནས་ཁ་ཕྲལ་དུ་བཏང་མི་ཐུབ་པ་བྱས་ཡོད་ལ། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས“ཁྱིམ་ནི་ཡུལ་སྨད་ཡིན་པ་དང་། རྒྱལ་ཁབ་ནི་ཀྲུང་གོ་ཡིན་ཞིང་། ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བ་ནི་འགན་འཁྲི་ཡིན”ཞེས་པའི་དད་སེམས་བརྟན་པོ་དེ་གངས་ལྗོངས་ཡོངས་ལ་ཁྱབ་པར་བྱས་ཡོད།
མདོར་ན། དུས་རབས་གསར་པའི་ལོ་བཅུའི་རིང་། བོད་ལྗོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་འཛུགས་སྐྲུན། མཐའ་མཚམས་སྲུང་སྐྱོང་བཅས་ལས་དོན་གལ་ཆེན་བཞིས་མཚོན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡང་བྱུང་ཡོད། གོང་གི་གྲུབ་འབྲས་དེ་དག་ཐོབ་པའི་འགག་རྩ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པས་ཡིན་ལ། འགག་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་ཡོད་པར་བརྟེན། ང་ཚོས་རང་འགུལ་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་དུས་རབས་གསར་པའི་བོད་སྐྱོང་འཐབ་ཇུས་ལག་བསྟར་མཐའ་འཁྱོངས་བྱས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་དགོས་ལ། སྔོན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་ནས། ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་དགོས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་དགོས་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་གང་ལེགས་རྩོམ་དགོས།
(བོད་ལྗོངས་གཞིས་རྩེའི་ཏང་གི་སློབ་གྲྭའི་དགེ་མིང་འཛིན་པ་བསོད་ནམས་དོན་གྲུབ)