དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སེམས་འདི་སུས་ཀྱང་རྟོགས་དཀའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བྱང་སྐྱ་རེངས།   |     སྤེལ་དུས།  2023-11-12

    དྲིན་ཆེན་ཕ་མ་ཟེར་མྱོང་། །

    དྲིན་ལན་འཇལ་ཡོང་བརྗོད་མྱོང་། །

    དོན་དངོས་ལག་ལེན་དབུལ་བའི། །

    སེམས་འདི་རྫུན་གྱི་ཚིག་མཛོད། །


    དགེ་བའི་བཤེས་གཉེན་ཟེར་མྱོང་། །

    མུན་སེལ་སྒྲོན་མེ་བརྗོད་མྱོང་། །

    དད་པའི་རྩ་བ་མི་བརྟན། །

    སེམས་འདི་ཆུ་ཡི་ཝུ་བ། །


    སློབ་སྦྱོང་འགངས་ཆེ་ཟེར་མྱོང་། །

    བརྩོན་འགྲུས་གྲོགས་བསྟེན་བརྗོད་མྱོང་། །

    དཔེ་ཀློག་རྒྱུན་བསྲིངས་བྲལ་བའི། །

    སེམས་འདི་ཁ་གསོན་ལག་ཤི། །


    སྔོན་བྱོན་མཁས་དབང་ཟེར་མྱོང་། །

    མེས་པོའི་ཕྱག་རྗེས་བརྗོད་མྱོང་། །

    རང་གིས་གང་ལ་མི་སློབ། །

    སེམས་འདི་ཕྱི་ཚུལ་རིང་ལུགས། །


    དགེ་བའི་གྲོགས་པོ་ཟེར་མྱོང་། །

    ཕྱི་ཐག་ཆུ་རྒྱུན་བརྗོད་མྱོང་། །

    ཨ་གསར་ནོར་ལ་དགའ་བའི། །

    སེམས་འདི་དངུལ་གྱི་བྲན་གཡོག །


    མཐོན་པོ་ཡིན་ན་ཟེར་མྱོང་། །

    དམའ་པོ་ཡིན་ན་བརྗོད་མྱོང་། །

    མཐོ་དམའ་ཀུན་གྱིས་མི་འགྲིག །

    སེམས་འདི་ལ་ཁའི་དར་ལྕོག །


    ཁྱོད་ལ་དགའ་ཆོག་ཟེར་མྱོང་། །

    གཏན་གྲོགས་བྱེད་དོ་བརྗོད་མྱོང་། །

    ཁ་སྟོང་ནང་གི་ཚིག་སྟོང་། །

    སེམས་འདི་སྲབ་མེད་རྟ་ཕོ། །


    ཡ་གིའི་བསོད་ནམས་ཟེར་མྱོང་། །

    མ་གིའི་བདེ་སྐྱིད་བརྗོད་མྱོང་། །

    རང་ཉིད་སྡུག་རབས་ཁོ་ན། །

    སེམས་འདི་མེད་མེད་སྤྲང་པོ། །


    རྒྱུ་དང་དཔལ་འབྱོར་ཟེར་མྱོང་། །

    མཐོ་དང་གོ་ས་བརྗོད་མྱོང་། །

    འདོད་ཆུང་ཆོག་ཤེས་བྲལ་བའི། །

    སེམས་འདི་གཏིང་མེད་རྒྱ་མཚོ། །


    ཡོད་ན་ཡོད་པས་མི་ཆོག །

    མེད་ན་མེད་ཀྱང་མི་འགྲིག །

    ཡོད་མེད་ཁ་ཚོན་གཅོད་དཀའི། །

    སེམས་འདི་སུས་ཀྱང་རྟོགས་དཀའ། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།