སྙེ་མོའི་སྤུས་རྟགས་གསུམ་ལ་གསོན་ཤུགས་གསར་པ་རྒྱས།
ཞོ་ལེགས་ཀྱི་བོད་ཤོག
གླེང་གཞི།
རང་ལྗོངས་ཀྱི་དབུས་ལྷོའི་རྒྱུད་དང་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་བྱང་ངོགས་སུ་གནས་པའི་སྙེ་མོ་རྫོང་ལ་བོད་ཡིག་སྲོལ་གཏོད་པའི་ཕ་ཡུལ་དང་བོད་མི་རིགས་ཀྱི་བློ་གྲོས་མཚོན་པའི་སྤོས་ཀྱི་འབྱུང་གནས་ཞེས་འབོད། ཆུ་མོ་ཡར་ཀླུང་གཙང་པོ་སྙེ་མོ་བརྒྱུད་དེ་ལང་ལོང་དུ་རྒྱུག་བཞིན་ཡོད་པས། སྙེ་མོར་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ཆགས་སྟངས་ཤིག་གྲུབ་ཡོད། ལས་ལ་བརྩོན་ཞིང་བློ་རིག་བཀྲ་བའི་སྙེ་མོའི་མི་དམངས་ཀྱིས་ས་གཞི་དེའི་སྟེང་དུ་དཀའ་སྤྱད་འབད་འབུངས་ཀྱིས་ཕུལ་དུ་བྱུང་བའི་རིག་གནས་མང་པོ་བཏོད་ཡོད། ད་ཆ་སྙེ་མོ་རྫོང་གི་ཁོངས་སུ་མངོན་མིན་རིག་གནས་ཤུལ་བཞག་ཁག་བཅུ་ཡོད་པ་དང་འདི་ག་ནི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མང་ཤོས་ཀྱི་རྫོང་དང་ཆུས་ཀྱི་གྲས་ཤིག་རེད། དེའི་ཁྲོད་ནས་སྙེ་མོའི་སྤོས་དང་། ཞོ་ལེགས་ཀྱི་བོད་ཤོག ཕུ་གསུམ་གྱི་ཤིང་བརྐོས་བཅས་ལ“སྙེ་མོའི་སྤུས་རྟགས་གསུམ”ཞེས་བརྗོད།
སྐེམ་བཞིན་པའི་སྙེ་མོའི་སྤོས།
ཀ སྤོས་ལ་བརྟེན་ནས་ཕྱུག་འགྱུར་ཐབས་ལམ་གསར་པ་བཏོད་པ།
སྙེ་མོའི་སྤོས་ལ་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཤོད་སྲོལ་ལ་སྤྱི་ལོའི་དུས་རབས་7པ་སྟེ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དེང་གི་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ་སྐུ་འཁྲུངས་པའི་ཐོན་མི་སམ་བྷོ་ཊས་སྲོང་བཙན་སྒམ་པོའི་བཀའ་ལྟར་རྒྱ་གར་དུ་སློབ་སྦྱོང་ལ་ཕེབས་ནས་བོད་ཡིག་གསར་གཏོད་མཛད་པས། ཁོང་བོད་ཀྱི་མཛངས་མི་བདུན་གྱི་གྲས་སུ་གྱུར་ཡོད། ཐོན་མི་སམ་བྷོ་ཊས་མཛད་རྗེས་དཔག་ཏུ་མེད་པ་བཞག་ནས་ཕ་ཡུལ་དུ་ལོག་ཕེབས་རྗེས། གྲོང་པ་ཁྱིམ་མཚེས་ལ་ནད་ཡམས་ཡང་ཡང་ཐོན་པ་དང་སྨན་པ་དང་སྨན་དཀོན་པའི་སྡུག་བསྔལ་ཚད་མེད་མྱོང་བ་གཟིགས་ནས་ཝུན་ཤིང་ཀོང་ཇོས་བསྣམས་ཕེབས་པའི་ཐང་རྒྱལ་རབས་ཀྱི་སྤོས་རྫས་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་ཟུང་འབྲེལ་གནང་སྟེ་སྙེ་མོའི་སྤོས་གསར་གཏོད་མཛད། ལས་ལ་བརྩོན་ཞིང་བློ་རིག་བཀྲ་བའི་སྙེ་མོའི་མི་དམངས་ཀྱིས་ལག་བཟོས་སྤོས་ཀྱི་ལག་རྩལ་རྒྱུན་འཛིན་ཧུར་ཐག་བྱས་ནས་ད་བར་དར་སྤེལ་གཏོང་བཞིན་མཆིས།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོ་ནས་ལྷ་ས་གྲོང་ཁྱེར་བར་ལམ་ཐག་སྤྱི་ལེ་120ཡོད་པ་དང་དེ་ནི་ཡར་ཀླུང་གཙང་པོའི་སྙེ་མོའི་རོང་ཆེན་གྱི་མཛེས་ལྗོངས་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། གྲོང་ཚོ་དེའི་དུད་ཚང་ཚང་མས་སྤོས་བཟོ་ཤེས་པ་དང་རང་སོ་སོར་དམིགས་བསལ་གྱི་སྤོས་སྦྱོར་བྱེད་ཐབས་རེ་ཡོད། ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ནང་སྙེ་མོའི་ཁུལ་དུ་སྤོས་སྦྱོར་བྱེད་ཐབས་བརྒྱ་ལྷག་ཙམ་གྲུབ་ཡོད་པ་དང་། སྤོས་སྦྱོར་བྱེད་ཐབས་གཙོ་བོ་ཁག་17ཡོད་པ་དང་མང་ཤོས་ལ་སྤོས་རྫས་སྣ་ཁ་38ཡོད།
འཕྲུལ་ཆས་སྣ་ཚོགས་དར་ཁྱབ་ཆེ་བའི་དེང་གི་དུས་འདིར། སྙེ་མོ་རྫོང་གིས་སྔར་བཞིན་ལག་བཟོས་སྤོས་ཀྱི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས་ལག་རྩལ་འདི་ཧ་ཅང་རྩ་ཆེ་བ་ཞིག་ཏུ་གྱུར་ཡོད། ཐུན་མོང་མ་ཡིན་པའི་བཟོ་རྩལ་དང་ལྷད་མེད་ཀྱི་རྒྱུ་ཆ་སྤྱད་ཡོད་པས། སྙེ་མོའི་སྤོས་ཀྱི་སྤུས་ཀ་དག་པོ་ཡོད་ཅིང་། སྙེ་མོའི་སྤོས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ལ་ཚུད་ནས“ཀྲུང་གོའི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས”ཀྱི་མཚན་སྙན་ཐོབ་པ་མ་ཟད། དེར“བོད་ཀྱི་གནས་མཆོག་གཟིམ་སྤོས་ཡག་ཤོས”ཀྱི་དམིགས་བསལ་མཚན་སྙན་ཡང་ཐོབ་ཡོད།
དེང་རབས་ཅན་གྱི་ཐོན་ལས་མ་ལག་དང་ཟུང་འབྲེལ་བྱེད་པའི་བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྒྲོམ་གཞི་མགྱོགས་མྱུར་སྐྲུན་ཆེད། ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ལེགས་ཆའི་ཐོན་ལས་བཏོད་དེ་བོད་ཀྱི་སྤོས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་སྙེ་མོ་རྫོང་གི“ཐོན་ལས་བཞི་དང་གླིང་གསུམ”འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་སྟེ་བོད་ཀྱི་རིག་གནས་ཐོན་ལས“123”འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་པ་དང་། “ཕྱོགས་བཞི་གཞི་གཅིག”གི་འཕེལ་རྒྱས་ཁ་ཕྱོགས་ལ་གཞིགས་ནས། “ཆུང་བ་དང་། ཁ་ཐོར། ཟང་ཟིང”བཅས་ཀྱི་རྣམ་པར་འགྱུར་ལྡོག་བཏང་སྟེ་གྲོང་གསེབ་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་རོགས་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།
ཚེ་རིང་རྡོ་རྗེས་ཞོ་ལེགས་ཀྱི་བོད་ཤོག་བཟོ་བཞིན་པ།
ཁ ལོ་རྒྱུས་རིང་བའི་ཞོ་ལེགས་ཀྱི་བོད་ཤོག་བཟོ་རྩལ་རྒྱུན་འཛིན་བྱས་པ།
ཞོ་ལེགས་ཀྱི་བོད་ཤོག་ནི་བོད་ཀྱི་སྲོལ་རྒྱུན་གྱི་བོད་ཤོག་ཆེ་གྲས་གསུམ་གྱི་གྲས་ཤིག་རེད། སྤྱི་ལོའི་དུས་རབས་བདུན་པར་ཐོན་ནས་ད་བར་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་དེར་ཐུན་མོང་མ་ཡིན་པའི་ལག་རྩལ་རྒྱུན་འཛིན་གྱི་རིན་ཐང་ཆེན་པོ་ལྡན། དེའི་བཟོ་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བཅུག་ཡོད། སྔོན་ཆད་རང་ལྗོངས་སུ་བོད་ཤོག་ཐོན་སྐྱེད་བྱེད་ས་མི་ཉུང་བ་ཞིག་ཡོད་པ་དང་ཐོན་རྫས་ལྗོངས་ཡོངས་སུ་ཁྱབ་ཡོད། མིག་སྔར་སྙེ་མོ་རྫོང་དར་རོང་གྲོང་རྡལ་ཞོ་ལེགས་གྲོང་ཚོ་ཁོ་ནས་ལག་ཤེས་བཟོ་རྩལ་འདི་ཆ་ཚང་རྒྱུན་འཛིན་བྱས་ཡོད།
དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཞོ་ལེགས་གྲོང་ཚོའི་ཁྱིམ་ཚང་ཚང་མས་བོད་ཤོག་བཟོས་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། 1978ལོའི་རྗེས་སུ་འཕྲུལ་བཟོས་ཤོག་བུ་འབོར་ཆེན་ཐོན་པ་མ་ཟད། རིན་གོང་ཡང་དམའ་བའི་རྐྱེན་གྱིས་སྲོལ་རྒྱུན་བོད་ཤོག་གི་ཁྲོམ་རར་ཤུགས་རྐྱེན་ཕོག་ཡོད། དུས་དེ་ནས་བཟུང་སྙེ་མོའི་བོད་ཤོག་ཐོན་སྐྱེད་བྱེད་མཚམས་ཆད། 1995ལོའི་རྗེས་སུ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དང་བཀྲས་ལྷུན་དགོན་སོགས་ཚན་པར་སྙེ་མའི་བོད་ཤོག་དགོས་མཁོ་ཆེན་པོ་ཡོད་པས། ཞོ་ལེགས་གྲོང་ཚོའི་བོད་ཤོག་བཟོ་མཁན་གྱིས་སྔ་རྗེས་སུ་བོད་ཤོག་ཐོན་སྐྱེད་སླར་གསོ་བྱས། མིག་སྔར་བོད་ཤོག་ཐོན་སྐྱེད་རྒྱུན་འཁྱོངས་བྱེད་མཁན་དང་བོད་ཤོག་བཟོ་རྩལ་རྒྱུན་འཛིན་བྱེད་མཁན་ཞོ་ལེགས་གྲོང་ཚོའི་བགྲེས་སོང་ཚེ་རིང་རྡོ་རྗེ་ཁོ་ན་ལས་ལྷག་མེད།
བགྲེས་སོང་ཚེ་རིང་རྡོ་རྗེ་དང་ཁོང་གི་བུ་གཉིས་ཀྱིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སྤྱད་དེ་བོད་ཤོག་བཟོ་གི་ཡོད་ཅིང་། ཁོང་ཚོ་ནི་སྙེ་མོའི་བོད་ཤོག་བཟོ་རྩལ་གྱི་རྒྱུན་འཛིན་པ་གསུམ་པོ་དེ་རེད། སྙེ་མོ་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་དང་རོཌ་རམ་འོག་ཚེ་རིང་རྡོ་རྗེས་རྫོང་གྲོང་དུ་བོད་ཤོག་བཟོ་བ་དང་། འགྲེམས་ཚོང་། རྒྱུན་འཛིན་བཅས་གཞི་གཅིག་ཅན་གྱི་བོད་ཤོག་ཚོང་ཁང་ཞིག་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྙེ་མོའི་ཞོ་ལེགས་བོད་ཤོག་ཀྱང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་འགྲུལ་པས་ཉོས་ནས་ཉར་ཚགས་བྱེད་ཀྱི་ཡོད་པས། བོད་ཤོག་བྲིན་ཚད་དང་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
སྙེ་མོའི་བོད་ཤོག་ནི་སྙེ་མོའི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ནང་བསགས་པའི་བློ་གྲོས་ཀྱི་སྙིང་བཅུད་ཅིག་ཡིན་ཞིང་། དེར་བཟོ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པ་མ་ཟད། དཔལ་འབྱོར་གྱི་རིན་ཐང་ཡང་ཆེན་པོ་ལྡན་པས་རྩ་ཆེའི་རིག་གནས་ཤུལ་བཞག་ཅིག་རེད།
བཟོ་བོས་བརྐོས་རྒྱག་བཞིན་པ།
ག ཕུ་གསུམ་གྱི་ཤིང་བརྐོས་ལག་རྩལ་མ་ཉམས་རྒྱུན་འཛིན་བྱས་པ།
སྙེ་མོ་རྫོང་ཕུ་གསུམ་ཤང་ལ“ཤིང་བརྐོས་ཀྱི་ཕ་ཡུལ”ཞེས་སུ་གྲགས། ཤང་ཡོངས་ཀྱི་ཁྱིམ་ཚང་ཕྱེད་ཀ་ཙམ་གྱིས་པར་ཤིང་དང་དར་པར་གྱི་ལས་ལ་གཞོལ་གྱི་ཡོད། ཕུ་གསུམ་གྱི་ཤིང་བརྐོས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་ནི་ཕུ་གསུམ་ཤང་གི་མི་རབས་མང་པོས་ཕ་མེས་ཡང་མེས་ནས་རྒྱུན་བསྐྱངས་པའི་གནའ་བོའི་ལག་རྩལ་ཞིག་རེད། དཔར་རྐོ་བ་ཚོས་ལོ་མང་རིང་གི་ལག་ལེན་ཁྲོད་ཤིང་བརྐོས་ལག་རྩལ་གྱི་ཉམས་མྱོང་རྒྱུན་ཆད་མེད་པར་གསོག་འཇོག་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་ཉམས་གོང་འཕེལ་གཏོང་བཞིན་ཡོད། ཤིང་བརྐོས་ཀྱི་ནང་དོན་ཡང་ཐོག་མའི་ཆོས་ལུགས་བྱེད་སྒོ་མཚོན་པ་ནས་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པའི་བར་རྒྱ་ཆེར་སོང་ཡོད། 2009ལོར་ཕུ་གསུམ་གྱི་ཤིང་བརྐོས་ལག་རྩལ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་ལ་ཚུད་ཡོད།
ཕུ་གསུམ་གྱི་དཔར་རྐོ་བ་ཚོས་ལོ་མང་རིང་ཞིབ་འཇུག་བྱེད་རིང་། ཤིང་བརྐོས་ལག་རྩལ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད། ཕུ་གསུམ་གྱི་པར་ཤིང་ལ་ལས་རིམ་མང་བ་དཔེར་ན། སྤྱིར་བཏང་གི་དཔེ་ཆ་བརྐོ་བར་ལས་རིམ་9ཡོད་པ་དང་མི་སྣའི་བཟོ་དབྱིབས་བརྐོ་བར་སྤྱིར་ན་ལས་རིམ་16ཙམ་ཡོད། དེ་ལས་ཀྱང་རྙོག་འཛིང་ཆེ་བར་ལས་རིམ་30ཙམ་ཡོད།
བརྐོས་རྒྱག་སྐབས་ཞིབ་ཚགས་ལ་ནན་ཏན་དགོས་ཤིང་། དཔར་རྐོ་བ་ཚང་མར་རང་ཉིད་ཀྱི་བརྐོ་གྲི་ཆ་ཚང་རེ་ཡོད་པ་དང་སྤྱིར་བཏང་བྱས་ན་བརྐོ་གྲི་20ལྷག་ཙམ་ཡོད།
བོད་ཡིག་ཡིག་གཟུགས་དང་ཤིང་བརྐོས་ཁྱིམ་རྒྱུད་དུ་སྐྱེས་པའི་ཤིང་བརྐོས་སྒྱུ་རྩལ་མཁས་ཅན་བགྲེས་སོང་འཇམ་དཔལ་གྱིས་ལོ་15ནས་བཟུང་བརྐོས་རྒྱག་སྟངས་སྦྱངས་ཡོད། བགྲེས་སོང་འཇམ་དཔལ་གྱིས་རྟག་ཏུ་ཁོང་གི་བུ་དང་ཚ་བོ་ཁྲིད་དེ་ཤིང་བརྐོས་རྒྱག་གི་ཡོད། ད་ཆ་མི་རབས་གསུམ་གྱི་སྒྱུ་རྩལ་མཁས་ཅན་གྱི་ཁྱིམ་ཚང་ཞིག་རེད། ཕུ་གསུམ་ཤིང་བརྐོས་ཀྱི་ཤིང་རྒྱུ་འདེམས་པ་དང་། བཟོ་བ། བརྐོ་བ། བཅོས་པ་བཅས་ནས་མཐར་སྤུས་ལེགས་ཀྱི་པར་ཤིང་བཟོ་བའི་བར་ལས་རིམ་30ལྷག་ཙམ་བརྒྱུད་དགོས་པ་དང་དེ་དག་ཚང་མ་ལག་ཤེས་ལ་བརྟེན་དགོས་ཀྱི་ཡོད། ཁོང་གིས་གསར་འགོད་པར། དང་ཐོག་བརྐོས་རྒྱག་སྟངས་སྦྱོང་སྐབས། ཤིང་མཁྲེགས་པོ་ཡོད་པས་ལག་པར་ཆུ་ལྒང་ཐོན་གྱི་འདུག ད་ཆ་ཡི་གེ་བརྐོ་བ་དང་མེ་ཏོག་བརྐོ་བ་གང་ཞིག་ཡིན་རུང་ལག་རྩལ་ཧ་ཅང་བྱང་ཆུབ་པོ་ཡོད་ཅེས་བཤད།
“ཤིང་བརྐོས་རྒྱག་པ་ནི་ལས་ཀ་ཞིབ་ཚགས་ཤིག་རེད། གོ་རིམ་ཧྲིལ་པོར་གཟབ་ནན་བྱེད་དགོས། ཤིང་ཆ་ཚང་མ་ཉིང་ཁྲི་དང་ལྷོ་ཁ་སོགས་ནས་ཉོས་པའི་སྤུས་ལེགས་ཀྱི་ཤིང་ཡིན་དགོས། དེར་མེ་སྐམ་གཏོང་བ་དང་ཡང་ན་ཆུ་ཚན་ནང་ཉིན་ཁ་ཤས་སྦངས་རྗེས་ཡང་བསྐྱར་ཉི་སྐམ་གཏོང་བ་དང་། འཇམ་ཤ་བཏོན་རྗེས་གཞི་ནས་དེའི་ངོས་སུ་བརྐོས་རྒྱག་ཆོག བརྐོས་བརྒྱབ་ཟིན་པའི་ཤིང་མར་ཁུའི་ནང་བཙོས་ཚེ་སྤྱོད་ཤེད་ཆེན་པོ་ཡོད། པར་ཤིང་དེ་འདྲ་བར་འབུ་མི་རྒྱག་པ་དང་། རུལ་དཀའ་བ། མཁྲེགས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད”ཅེས་བགྲེས་སོང་འཇམ་དཔལ་གྱིས་བཤད།
ད་ཆ་ཤིང་བརྐོས་སྒྱུ་རྩལ་དེ་དམངས་ཁྲོད་ཀྱི་སྲོལ་རྒྱུན་ཤིང་བརྐོས་ལག་རྩལ་དང་དེང་རབས་ཀྱི་ཤིང་བརྐོས་སྒྱུ་རྩལ་ཟུང་འབྲེལ་བྱས་ནས་ཡི་གེ་བརྐོ་བ་མ་ཟད། ད་དུང་ཡིག་རིས་གཉིས་ལྡན་གྱི་རི་མོ་ཡང་བརྐོ་གི་ཡོད། “སྙེ་མོའི་སྤུས་རྟགས་གསུམ”གྱི་གྲས་ཤིག་ཡིན་པའི་ཕུ་གསུམ་གྱི་པར་ཤིང་ལ་བོད་ཀྱི་མི་དམངས་ཀྱི་བློ་རིག་གཅིག་ཏུ་འདུས་ཡོད། སྲུང་སྐྱོང་དང་རྒྱུན་འཛིན་ཁྲོད་ཕུ་གསུམ་ཤང་གི་མང་ཚོགས་ཚོས་མི་རིགས་ཀྱི་རིག་གནས་ལ་བརྟེན་ནས་འབྱོར་འབྲིང་ལམ་དུ་སྐྱོད་བཞིན་ཡོད།