དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ཡོན་རྒྱལ་རབས་སྐབས་ཀྱི་བོད་རྒྱ་མི་མིང་གི་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-10

    ཡོན་རྒྱལ་རབས་ཀྱི་དུས་སུ་རྒྱའི་རིག་གནས་མང་པོ་བོད་ཡིག་ཏུ་ཡིག་སྒྱུར་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད་ཅེས་ཟེར་ན་མི་ཆོག་པ་མེད་དེ། འགྲོ་མགོན་ཆོས་རྒྱལ་འཕགས་པས་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་རྒྱ་འགྱུར་མ་རྣམས་བོད་ཡིག་ཏུ་ལོ་ཙཱ་བྱེད་པའི་ཐད་ཐུགས་ཁུར་ཆེན་པོ་གནང་ཞིང་། ཁོང་ཤིང་ཀུན(临洮)དུ་ལོ་གཉིས་ལྷག་ཙམ་བཞུགས་རིང་ས་ཆ་དེར་ལོ་ཙཱའི་གླིང་ཞིག་བཙུགས་ཏེ་དེ་བས་སྒྲིག་གཞི་འཐུས་ཚང་གིས་རྒྱའི་གསུང་རབ་བོད་ཡིག་ཏུ་བསྒྱུར་བར་སྐུ་ལས་ཆེན་པོ་བསྐྱོན་ཡོད། དེས་ན་ཡོན་རྒྱལ་རབས་སྐབས་སུ་བོད་ཀྱི་ཏི་ཤྲི་དང་བླ་ཆེན་སོགས་ཀྱི་མཚན་རྒྱ་ཡིག་ཏུ་སྒྱུར་བ་ནི་ཡིག་སྒྱུར་བྱ་བའི་མགོ་མཇུག་བར་གསུམ་དུ་ཐོན་པ་སྨོས་མེད་ཡིན་པས། འདིར་ཡོན་རྒྱལ་རབས་སྐབས་ཀྱི་བོད་རྒྱ་མི་མིང་གི་ལོ་ཙཱ་བྱེད་སྟངས་རགས་ཙམ་གླེང་བའོ།

    ཡོན་རྒྱལ་རབས་སྐབས་ཀྱི་བོད་རྒྱ་མི་མིང་གི་དཔེ་མཚོན།

    ༡ གོང་མའི་ཏི་ཤྲིའི་མཚན་གྱི་དཔེ་མཚོན།

    ཏི་ཤྲི་དང་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཚན་ལ་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་སུ“八合思八” ལྟ་བུའི་བསྒྱུར་ཚུལ་ནི་སྐབས་དེར་ཁོང་ལ་རྒྱུན་དུ་བླ་མ་འཕགས་པ་ཞེས་འབོད་པ་ལས་མཚན་ཡོངས་ཀྱི་འབོད་ཚུལ་དེ་ཙམ་གྱིས་ཉུང་ཉུང་ཡིན་པ་བོད་ཀྱི་ལོ་རྒྱུས《དཔལ་ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་བང་མཛོད》སོགས་ལས་ཤེས་ཐུབ། དེས་ན“八合思八”“八哈思巴” “癹合思巴”ཞེས་པ་འཕགས་པ་ཞེས་པའི་མཚན་དེ“འཕ་ག་ས་པ”ཞེས་པའི་ཀློག་ཚུལ་གྱི་སྒྲའི་ཐོག་ནས་སྒྲ་རང་སོར་བཞག་པའི་སྒྱུར་ཚུལ་ཞིག་རེད། གཞན་ཡང་རྒྱའི་ཡིག་ཚང་དུ་སྒྲ་གདངས་འདྲ་ཞིང་ཡི་གེ་མི་འདྲ་བ“八 思巴、发思八、拨思发”སོགས་ཀྱི་སྒྱུར་ཚུལ་ཡང་ཡོད། ཡོངས་གྲགས་ཀྱི“八思巴”ཞེས་པ་ནི“འཕག་ས་པ”ཞེས་པའི་སྒྲ་གདངས་དེ་ཐད་ཀར་སྒྲ་རང་སོར་བཞག་པ་ཞིག་རེད། ལོ་རྒྱུས་དེབ་ཐེར་འགར་ཁོང་གི་མཚན་ཆ་ཚང་ཏི་ཤྲི་འཕགས་པ་བློ་གྲོས་རྒྱལ་མཚན་ལ“帝师八思巴罗古罗监藏”ཞེས་འཁོད་ཡོད།

    ཏི་ཤྲི་གཉིས་པ་རིན་ཆེན་རྒྱལ་མཚན་ལ“亦邻真” གམ་ཡང་ན“益怜真”ཞེས་པར་བསྒྱུར་བ་ནི“རི་ན་ཆེན”ཞེས་པ་དང་། ཏི་ཤྲི་བདུན་པ་སངས་རྒྱས་དཔལ་ལ“相儿加思”ཞེས“སངས་ར་གྱ་ས”ཞེས་པའི་སྒྲ་གདངས་སོར་བཞག་བྱས་ནས་བསྒྱུར་ཡོད། བོད་རང་གི་ལོ་རྒྱུས་སུ་མཚན་ཆ་ཚང་བར་འཁོད་ཡོད་ཀྱང་སྐབས་དེར་ཁོང་རྣམ་གཉིས་ལ་རྒྱུན་དུ་ཏི་ཤྲི་རིན་ཆེན་དང་ཏི་ཤྲི་སངས་རྒྱས་ཞེས་འབོད་པ་སོགས་ཀྱི་རྐྱེན་གྱིས་མིང་ཕྱེད་ལས་མ་བསྒྱུར་བ་ཞིག་ལས་དོན་དུ་ཏི་ཤྲི་རིན་ཆེན་རྒྱལ་མཚན་དང་ཏི་ཤྲི་སངས་རྒྱས་དཔལ་རང་ཡིན་པར་ངེས་དགོས་སྙམ།

    གཞན་ཡང་། སློབ་དཔོན་དམ་པ་ཀུན་དགའ་གྲགས་ལ“胆巴功嘉葛剌思”ཞེས“葛剌思”ནི་“གར་ ས”ཞེས་པའི་སྒྲ་གདངས་སོར་བཞག་བྱས་པ་ཞིག་ཡིན། ཡོན་གྱི་ལོ་རྒྱུས་སུ་ཡོངས་གྲགས་ལ“胆巴国师”ཞེས་འཁོད་པ་དེ་ཡིན།

    ༢ ལེགས་སྦྱར་ཡི་གེའི་ལམ་ནས་བཏགས་པའི་མིང་གི་དཔེ་མཚོན།

    ཏི་ཤྲི་གསུམ་པ་རྡརྨ་པཱ་ལ་རཀྵི་ཏ“རྡར་མ་པ་ལ་ར་ཁྱི་ ཏ”ཞེས་པ་ལ“答耳麻八剌合吉塔”ཞེས་སྒྲ་སོར་བཞག་བྱས་ཡོད།

    ཏི་ཤྲི་རྡརྨ་པཱ་ལ་ར་ཀྵི་ཏའི་སྲས་སློབ་དཔོན་རརྣ་བྷ་ཏྲ་ལ“阿刺忒纳巴多罗”ཞེས་བསྒྱུར་བ་ལས“阿刺”ཞེས་པ་ནི་སློབ་དཔོན་ལ་ལེགས་སྦྱར་སྐད་དུ་ཨ་ཙརྱ་ཞེས“阿阇黎”ཞེས་པའི་སྒྲ་དེ་བོད་ཡིག་ཏུ་ཅུང་ཁ་སྐད་ཀྱི་རྣམ་པར་བཀླགས་པ་ལས་ཐོན་པ་ཞིག་རེད་སྙམ། “རད་ན་རྦ་ཏ་ར”ཞེས་པ་ལ་ལེགས་སྦྱར་ཡི་གེའི་སྐད་དོད་ཀློག་སྲོལ་ལྟར“忒纳巴多罗”ཞེས་སྒྲ་སོར་བཞག་བྱས་ཡོད།

    ༣ སྐབས་དེའི་ལོ་རྒྱུས་མི་སྣ་འགའ་ཞིག་གི་མཚན་གྱི་དཔེ་མཚོན།

    བུ་སྟོན་རིན་ཆེན་གྲུབ་གྱི་མཚན་ལ“卜思端”ཞེས་ བུ་སྟོན་ཞེས་པ་དེ“བུ་ས་ཏོན”ཞེས་ཀློག་པའི་སྒྲ་གདངས་སོར་བཞག་བྱས་པ་ཞིག་རེད། སྐབས་དེར་ཁོང་གི་མཚན་ལ“卜思端”ཞེས་བསྒྱུར་བ་ཡིན་པས་མཚན་ཡོངས་ལ་བུ་སྟོན་རིན་ཆེན་གྲུབ་ཞེས་བོད་རང་གི་ལོ་རྒྱུས་སུ་འཁོད་པའི་མཚན་དང་ངོ་འཕྲོད་པར་བྱེད་དགོས།

    ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་འཁོད་པའི་བཀྲ་ཤིས་པ་དཔལ་བཟང་པོ་ནི“མཐོ་བྷོད་འདང་ལུའུ་ཞོན་ཝེ་ཧྲེ་ཏུའུ་ཡི་དམག་སྤྱི་ཡིན”(乞剌失思八班藏卜为吐蕃等路宣慰使都元帅)ཁོང་གི་མཚན་དེ“乞剌失思八班藏卜”ཞེས་པར་བསྒྱུར་བ་ལས“乞剌失思”ནི“ཀར་ཤི་ས”ཞེས་སྒྲ་སོར་བཞག་བྱས་པ་ཞིག་ཡིན། “ཀ”ནི“ཅ”ལྟར་འདོན་པ་ནི་དེང་གི་ཁམས་སྐད་དུའང་རྒྱུན་ཐོས་ཤིག་རེད།

    ཡོན་རྒྱལ་རབས་སྐབས་ཀྱི་བོད་རྒྱ་མི་མིང་ཡིག་སྒྱུར་གྱི་ཕན་ནུས།

    དེང་གི་བོད་རིགས་རང་གི་ཀློག་པ་པོ་ཡིན་ནའང་འདྲ། ཡང་རྒྱ་རིགས་སོགས་མི་རིགས་གཞན་གྱི་ཀློག་པ་པོ་མང་པོ་ཞིག་གིས་ཡོན་རྒྱལ་རབས་སྐབས་སུ་བསྒྱུར་བའི་བོད་རིགས་ཀྱི་མི་མིང་དང་བོད་ཡིག་གི་ལམ་ནས་བཏགས་པའི་མི་རིགས་གཞན་གྱི་མི་མིང་མང་པོ་ཞིག་ལ་ཡ་མཚན་དང་དོགས་བློ་འཆར་གྱི་ཡོད་ཅིང་ཐད་ཀར་བོད་ཡིག་ཏུ་ཕབ་སྒྱུར་བྱེད་ཁག་པོ་ཡོད། ཐ་ན་ཁག་གཅིག་བོད་ཡིག་གི་མི་མིང་གཏན་ནས་མིན་པའི་ངོས་འཛིན་ཡང་ཡོང་གི་ཡོད། དེས་ན་སྐབས་དེའི་བོད་སྐད་ཀྱི་སྒྲ་ཟུར་མ་ཉམས་པར་འདོན་པའི་ཐོག་ནས་རྒྱ་འགྱུར་བྱེད་པའི་ཁྱད་ཆོས་དེར་རྒྱུས་ལོན་དང་ངེས་ཤེས་བརྟན་པོ་ཞིག་བྱུང་ན། གནད་དོན་དེ་རྣམས་ངང་གིས་སེལ་ཐུབ་ལ། ད་ལྟའི་ཆར་ང་ཚོས་ཡོན་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་ཡིག་ཚང་དང་། འཇའ་ས། རྡོ་རིང་། ཐམ་ག ལྡེབས་རིས་སོགས་ལ་འཁོད་པའི་བོད་མིང་རྒྱ་འགྱུར་ལའང་ཤེས་རྟོགས་ཐུབ་པ་མ་ཟད། སྐབས་དེའི་བོད་མིང་རྒྱ་འགྱུར་མ་དེ་རྣམས་དང་བོད་རང་གི་ལོ་རྒྱུས་ཡིག་ཚང་དུ་འཁོད་པའི་མི་མིང་ཕན་ཚུན་གོ་བསྡུར་དང་གསལ་རྟོགས་བྱེད་ཐུབ་པས། རྒྱའི་ཡིག་ཚང་དུ་འཁོད་ཀྱང་བོད་ཀྱི་ཡིག་ཚང་དུ་ཆད་པ་དང་། བོད་ཀྱི་ཡིག་ཚང་དུ་འཁོད་ཀྱང་རྒྱའི་ཡིག་ཚང་དུ་ཆད་པ་རྣམས་ཕན་ཚུན་ཁ་གསབ་ཀྱིས་ཆ་ཚང་དུ་བཏང་ཆོག

    དེང་སྐབས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་མང་པོས་སྔར་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་མི་མིང་དེ་རྣམས་ཡང་བསྐྱར་ཚུར་བོད་ཡིག་ལ་ཕབ་སྒྱུར་བྱེད་དུས། རང་རང་གི་གང་འདོད་བཞིན་འབྲི་བ་ལས་གཅིག་འགྱུར་མེད་པའི་སྣང་ཚུལ་མང་པོ་ཞིག་མཐོང་བ་ནི་སྔར་བོད་ཀྱི་ཡིག་སྐད་འདོན་སྟངས་དང་སྒྲ་གདངས་གཉིས་ལ་རྒྱུས་མངའ་མེད་པས་ལན་པ་རེད་སྙམ། དཔེར་ན་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་སུ“相儿加思巴”ཞེས་འཁོད་པ་ཡང་ཏི་ཤྲི་སངས་རྒྱས་དཔལ་རང་ཡིན་ཏེ། མཚན་གྱི་རྗེས་སུ“པ་དང་བ”སྦྱོར་བ་ནི་འབོད་པ་གསལ་བྱེད་ཀྱི་སྒྲ་ཡིན་ལ། སྐབས་དེའི་བོད་ཀྱི་ལོ་རྒྱུས་ཡིག་ཆར་རྒྱུན་མཐོང་ཞིག་ཡིན་ཞིང་། དེང་གི་ཡུལ་ལུང་མང་པོ་ཞིག་ཏུའང་དེ་འདྲའི་རྣམ་པ་ནི་མཐོང་ཆོས་སུ་གྱུར་པ་ཡིན། ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་འཁོད་པའི་ཏི་ཤྲི་རིམ་བྱུང་དང་དེ་བཞིན་བོད་ཀྱི་ལོ་རྒྱུས་སུའང་ཏི་ཤྲི་སངས་རྒྱས་དཔལ་གཅིག་ལས་མེད་ཀྱང《ཡོན་རྒྱལ་རབས་ནས་བཟུང་བོད་ས་གནས་དང་ཀྲུང་དབྱང་སྲིད་གཞུང་དབར་གྱི་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་ཕྱོགས་བསྒྲིགས་དང་པོ》 (《元以来西藏地方与中央政府关系档案史料汇编<1>》)ཞེས་པར“相儿加思”དང“相儿加思巴”གཉིས་ཏི་ཤྲི་གཉིས་སུ་བརྩིས་ནས་མིང་ཐོ་བཀོད་པ་ནི“巴”ཡོད་པའི་རྐྱེན་སོགས་ཀྱིས་དེ་གཉིས་མི་གཉིས་སུ་ངོས་འཛིན་བྱས་པ་ཞིག་རེད་སྙམ།

    《ཤེས་བྱ་རབ་གསལ》རྒྱ་ཡིག་ཏུ་སྒྱུར་པ་པོའི་མིང་ལ“沙罗巴”ཞེས་པ་དེ་བོད་ཡིག་ཏུ་ཡང་སྙིང་མིང་གང་ཡིན་མིན་ལ་ལྟ་བ་མི་འདྲ་བ་ཡོད། དཔལ་ས་སྐྱའི་རིག་གཞུང་ཞིབ་འཇུག་ཚོགས་པས་བསྒྲིགས་པའི《ཤེས་བྱ་རབ་གསལ》དུ་རྒྱ་ཡིག་ཏུ་སྒྱུར་པ་པོ“沙罗巴”ཡི་མཚན་དེ“ཧྲ་ལོ་པ”ཞེས་སྒྲ་སྒྱུར་བྱས་པ་ལས་བོད་ཡིག་གི་མིང་བྲིས་མེད། 《བོད་ཀྱི་ལོ་རྒྱུས་ཆེན་མོ<ཡོན་རྒྱལ་རབས>》(《西藏通史》<元代卷>)སུ“沙罗巴”ནི་ཕལ་ཆེར་བོད་ཡིག་གི་མིང“释迦罗追”“ཤཱཀྱ་བློ་གྲོས་དཔལ་བཟང་པོ”ཞེས་པའི་བསྡུས་མིང“ཤ་བློ་དཔལ” རེད་ཟེར། 《བོད་ཀྱི་ལོ་རྒྱུས་ཆེན་མོ<ཡོན་རྒྱལ་རབས>》 སུ“ཤ་ལོ་དཔལ་ཞེས་པའི་མིང་ནི་རྒྱ་ནག་སྐད་དུ་བློ་གྲོས་དཔལ་བཟང་པོ་ཟེར། ནུབ་བོད་ཀྱི་མི་ཡིན”(名沙罗巴,华言为吉祥慧也,西番人)ཞེས་འཁོད་དུས་ཁོང་གི་མཚན་ལ“ཤ་བློ་དཔལ”ཡིན་པར་འཚམ་ཞིང་། སྐབས་དེའི་ལོ་རྒྱུས་འགར“沙剌班”ཞེས་འཁོད་པ་ལས་ཀྱང་ཤེས་ནུས་ལ། “ཤ”ལ་སྐབས་དེར“沙”ཞེས་ཐོན་པ་ནི་སྐབས་དེའི་སྒྲ་གདངས་རེད།

    མདོར་ན་བོད་ཡིག་གི་སྒྲ་ཟུར་མ་ཉམས་པའི་ཁྱད་ཆོས་ཐོག་ནས་ཡོན་རྒྱལ་རབས་སྐབས་ཀྱི་བོད་རྒྱ་མི་མིང་གི་ཡིག་སྒྱུར་ལ་ཤེས་རྟོགས་གཏིང་ཟབ་ཅིག་བྱེད་ཐུབ་ན། མི་མིང་དེའི་རིགས་དེང་སྐབས་བོད་ཡིག་དང་ངོ་འཕྲོད་དཀའ་བ་དང་། ཡུན་རིང་ལྟ་བ་མི་མཐུན་པ། ཆད་ལྷག་དང་བསྐྱར་ཟློས་སུ་ཤོར་བ་རྣམས་ལེགས་བཅོས་དང་། བཏང་སྙོམས་སུ་ཤོར་བ་རྣམས་དང་དུ་བླངས་ཏེ་ལྟ་བ་གཅིག་མཐུན་གྱིས་བོད་ཀྱི་ལོ་རྒྱུས་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས། གཅིག་འགྱུར་ཚད་ལྡན་གྱི་ལམ་བུར་འཕེལ་རྒྱས་འགྲོ་བར་རིན་ཐང་ཤིན་ཏུ་ཆེན་པོ་ལྡན་ཡོད།

    (བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་པུའི་ཚེ་རིང་གཡུ་སྒྲོན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།