དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • གསར་འགྱུར་ཡིག་སྒྱུར་གྱི་ལག་ལེན་ལས་འཕྲོས་པའི་མྱོང་ཚོར་ཐོར་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་བརྟན་སྒྲོལ་དཀར།   |     སྤེལ་དུས།  2023-11-09

    ཡིག་སྒྱུར་ནི་ངོ་མཚར་དུ་མས་ཕྱུག་པའི་རིག་གནས་སྤེལ་རེས་ཀྱི་སྣང་ཚུལ་ཞིག་རེད། གང་ལགས་ཤེ་ན། དེ་ནི་མི་རིགས་གཞན་ཞིག་གི་སྔོན་ཐོན་རིག་གནས་དང་བསམ་བློ་རང་མི་རིགས་ལ་འདྲེན་དགོས་ཚེ། ངེས་པར་དུ་ཡིག་སྒྱུར་ཁོ་ནར་བརྟེན་དགོས་པས་སོ། འོ་ན་གསར་འགྱུར་ཡིག་སྒྱུར་གྱི་དམིགས་ཡུལ་ཅི་ཡིན་ཞེ་ན། ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་། དམངས་ཕན་བྱ་ཐབས། ཁྲིམས་ལུགས་ཁྲིམས་སྲོལ་སོགས་ཇི་མ་ཇི་བཞིན་དུ་ཞིང་འབྲོག་མང་ཚོགས་ལ་བརྒྱུད་བསྒྲགས་བྱ་རྒྱུ་དེ་ཡིན། དེར་བརྟེན་ང་ཚོ་གསར་འགྱུར་ལོ་ཙཱ་བས་དང་ཐོག་ཡིག་སྒྱུར་བྱེད་སྐབས། ཞིང་འབྲོག་མང་ཚོགས་ཀྱིས་གོ་བདེ་ཤེས་སླ་གཙོ་བོར་བཟུང་དགོས་པ་ལས། མ་ཡིག་ལ་བསྟུན་ཐལ་ཤོར་ན་གོ་དཀའ་བའི་ཚིག་རོ་སྤུངས་པའི་སྣང་ཚུལ་ཐོན་སྲིད། འདིར་གུས་མོས་རང་ཉིད་གསར་འགྱུར་ཡིག་སྒྱུར་གྱི་ལས་ལ་ཞུགས་ནས་ལོ་འགའ་སོང་བའི་མྱོང་ཚོར་ཕྲན་བུ་གླེང་བར་འདོད་དོ།

    དང་པོ། གསར་འགྱུར་ཡིག་སྒྱུར་གྱི་དངོས་ཡོད་ཀྱི་གནད་དོན་འགའ།

    དེ་ཡང་གསར་འགྱུར་ལ་མྱུར་བ་དང་། དག་པ། གསར་བ། དྲང་བདེན་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་བརྒྱུད་སྤྱི་ཚོགས་སྟེང་གི་གླེང་ཆ་ཆེ་བའི་གནས་ཚུལ་དང་། གལ་ཆེའི་གནས་ཚུལ། དོ་ཁུར་བྱེད་མང་བའི་གནས་ཚུལ་སོགས་གཏོང་སྤེལ་བྱེད་དགོས་ཀྱི་ཡོད། དེང་གི་དུས་ནི་གསར་འགྱུར་དང་ཆ་འཕྲིན་གསར་པ་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པའི་དུས་རབས་ཤིག་ཡིན་པས། དུས་ཐོག་ཏུ་སྤྱི་ཚོགས་ཐོག་གསར་འགྱུར་གཏོང་སྤེལ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད། དེས་ན་ད་ལྟ་ཐོན་མ་ཐག་པའི་གསར་འགྱུར་དག་མང་ཚོགས་ལ་ཇི་མ་ཇི་བཞིན་དུ་དྲིལ་བསྒྲགས་དང་བརྒྱུད་བསྒྲགས་བྱ་རྒྱུ་ནི་གསར་འགྱུར་ལོ་ཙཱ་བའི་འདོར་ཐབས་མེད་པའི་འོས་འགན་དང་འགན་འཁྲི་ཞིག་རེད། བོད་ལ་མཚོན་ན། གཞི་རིམ་དུ་མང་ཚོགས་མང་པོ་ཞིག་གིས་རྒྱ་ཡིག་དང་རྒྱ་སྐད་ནས་གསར་འགྱུར་ཤེས་རྟོགས་བྱེད་པར་དཀའ་ངལ་ཆེ་ཙམ་འཕྲད་ཀྱི་ཡོད་པས། ང་ཚོས་རྒྱ་ཡིག་དང་རྒྱ་སྐད་ཀྱི་གསར་འགྱུར་དེ་དག་གོ་བདེ་ལ་ཤེས་སླ་བའི་བོད་སྐད་ཡིག་ལ་བརྟེན་ནས་མང་ཚོགས་ལ་བརྒྱུད་བསྒྲགས་ཇི་ལྟར་བྱེད་དགོས་མིན་ལ་བསམ་གཞིག་གི་མདའ་མོ་འཕེན་དགོས། དེས་ན། གསར་འགྱུར་ལོ་ཙཱ་བར་རྒྱ་བོད་སྐད་གཉིས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས་པ་མ་ཟད། ད་དུང་ཤེས་བྱའི་གནས་གཞན་ལའང་སྦྱངས་པ་མི་དམན་པ་ཞིག་ཡོད་དགོས། དེ་ནི་ཡིག་སྒྱུར་མྱོང་བ་ཅན་ཚོས་རྒྱུན་དུ་གླེང་བའི“ཨམ་ཐང་གཉིས་དང་ཆབ་ཆོབ་བཅོ་བརྒྱད”ཟེར་བ་དེ་རེད། གསར་འགྱུར་ལོ་ཙཱ་བ་ཞིག་ཡིན་ཕྱིན། མ་ཡིག་ལ་གོ་བ་མཐིལ་ཕྱིན་པ་ལེན་དགོས་པ་དང་ཆབས་ཅིག སྒྱུར་ཡིག་དེའང་ཚིག་སྦྱོར་སྙན་ཞིང་གོ་བདེ་བ་ཞིག་ཏུ་སྒྱུར་དགོས་སོ། དེ་ལྟར་བྱུང་ན་སྐུ་ཞབས་ཡན་ཧྥུའུ་ཡིས་བཏོན་པའི“མཐུན་བདེ་སྙན་གསུམ”གྱི་ཚད་གཞི་དང《སྒྲ་སྦྱོར་བམ་གཉིས》སུ་བསྟན་པའི་གོ་དོན་མ་ཡིག་གི་ནང་དོན་ལས་མི་འགལ་བ་དང་། བོད་མི་རང་གིས་གོ་བདེ་བ། བོད་ཡིག་གི་བརྡ་སྤྲོད་ཀྱི་གཞུང་དང་བསྟུན་པ་བཅས་ཀྱི་ཚད་གཞི་དང་ཡོངས་སུ་མཐུན་པ་ཞིག་ཡོང་ཐུབ། ཡང་སྒོས་ཡིག་སྒྱུར་མ་བྱས་སྔོན་དུ་མ་ཡིག་གི་ནང་དོན་ལ་ཐེངས་གཉིས་གསུམ་ཞིབ་པར་བཀླགས་ནས་གོ་བ་ཡང་དག་ལེན་དགོས་པ་མ་ཟད། ནང་དོན་མི་གསལ་བ་ཁག་གཅིག་དང་ཆེད་ལས་ཀྱི་ཐ་སྙད་རྣམས་ཚིག་མཛོད་དམ་དྲ་རྒྱ་ནས་འཚོལ་བཤེར་བྱེད་པ་དང་། གལ་སྲིད་ཚིག་མཛོད་སོགས་སུ་མི་འཁོད་པ་རྣམས་སེམས་ཆུང་གིས་ལོ་ཙཱ་བ་རྒན་རབས་པར་བཀའ་འདྲི་ཞུས་ནས་དག་བཅོས་ཐེངས་མང་བྱས་རྗེས་ཕབ་ན། གཞི་ནས་མ་ཡིག་གི་ནང་དོན་ཁ་གསལ་གོ་བདེ་ཞིག་ཡོང་ཐུབ་སྙམ། དེ་ལས་ལྡོག་ན། མ་ཡིག་གི་དོན་ལ་གོ་བ་དཔྱིས་ཕྱིན་པ་ལེན་མི་ཐུབ་པ་དང་ཐ་ན་འགྱུར་འཛོལ་ཆེན་པོ་ཐོན་སྲིད་པ་དཔེར་ན།“确保全区所有贫困人口如期脱贫……”自治区第九次党代会,向全区320多万各族人民做出庄严承诺。ཞེས་པར་ལོ་ཙཱ་བས་གོང་གསལ་གྱི་མ་ཡིག་ལ་གོ་བ་ཡང་དག་མ་བླངས་པས་གོ་དོན་ཕྱིན་ཅི་ལོག་པ་སྟེ། ཀྲོང་ཡན་གྱིས“རྒྱལ་ཡོངས་ཀྱི་མི་འབོར་ཚང་མ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ……”བྱ་རྒྱུའི་ཁས་ལེན་གནང་བ་རེད། གོང་གསལ་གྱི་འགྱུར་སྐྱོན་གཙོ་བོ་ནི་ཡིག་སྒྱུར་བས་མ་ཡིག་གི་ནང་དོན་ཞིབ་པར་མ་བཀླགས་པའི་ཁར་ཧོལ་རྒྱུག་ཤོར་བའི་དབང་གིས“庄严承诺”ཞེས་པ་གཟི་བརྗིད་ལྡན་པའི་ཁས་ལེན་ནམ་ཡང་ན་སྒམ་ནན་དམ་བཅའ་ཞེས་སུ་མ་བསྒྱུར་བར་ཀྲོང་ཡན་ཞེས་པ་མིའི་མིང་དུ་འཛོལ་ནས་བསྒྱུར་བ་ལྟ་བུའོ། གཞན་ཡང་།“重要讲话精神”དང“治边稳藏重要战略思想”ཞེས་པ་འདི་ཚགས་པར་དང་དུས་དེབ་སོགས་སུ“གསུང་བཤད་གལ་ཆེན་གྱི་དགོངས་པ”དང“མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ”ཞེས་གསལ། ཡིན་ནའང་གུས་མོས་མ་ཡིག་ཞིབ་པར་བཀླགས་པ་མ་ཟད། རྒྱའི་སྐད་ཡིག་གི་ཚིག་སྦྱོར་གྱི་འགྲོ་སྟངས་ལ་དབྱེ་ཞིབ་བྱས་པའི་འབྲས་བུར“གསུང་བཤད་ཀྱི་དགོངས་པ་གལ་ཆེན”དང“མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན”ཞེས་བསྒྱུར་ན་དོན་དང་མཐུན་པར་སྙམ། དེ་ལྟ་བུའི་འགྱུར་སྐྱོན་མང་དུ་མཆིས་པས་འདིར་དེ་ཙམ་གྱིས་ཆོག་པར་བྱས་སོ།

    གཉིས་པ། སྐད་ཆའི་གོམས་སྲོལ་དང་བརྡ་སྤྲོད་གཞུང་ལུགས་དང་མཐུན་ཐབས་བྱེད་པ། 

    རྒྱ་བོད་གསར་འགྱུར་ཡིག་སྒྱུར་ལ་དུས་རབས་ཕྱེད་ཙམ་གྱི་ལོ་རྒྱུས་ལྡན་པ་མ་ཟད། ལྷག་དོན་དུ་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་ལ་དོ་ཁུར་བྱེད་མཁན་ཉིན་བཞིན་མང་དུ་སོང་བའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་ཉིན་རེ་ལས་མ་འདས་པར་ཡར་རྒྱས་གོང་འཕེལ་འགྲོ་བས། མི་རིགས་ཕན་ཚུན་སྤེལ་རེས་དང་འགྲོ་འོང་བྱ་རྒྱུ་ནི་འདོར་མི་རུང་བའི་བྱ་བར་གྱུར་ཡོད། དེར་བརྟེན་ཡིག་སྒྱུར་གྱིས་སྤྱི་ཚོགས་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་། མི་དམངས་ཀྱི་བྱང་ཚད་མཐོ་རུ་འགྲོ་བ། མིའི་རིགས་ཀྱི་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་པ། དཔལ་འབྱོར་དང་སྤྱི་ཚོགས་ལ་སྐུལ་མ་ཐེབས་པ། ཏང་གི་དམངས་ཕན་སྲིད་ཇུས་མང་ཚོགས་ཁྲོད་མགྱོགས་མྱུར་དྲིལ་བསྒྲགས་ཐུབ་པ། ཐ་སྙད་གསར་པ་དང་གླེང་ཆེ་བའི་གནད་དོན་གང་མགྱོགས་ཁྱབ་པ། རིག་གནས་ཁྱབ་སྤེལ་དང་རིག་གཞུང་རྒྱ་སྐྱེད་ལ་ནུས་པ་ཆེན་པོ་ལྡན་པ་ལ་སོགས་དགེ་མཚན་དུ་མ་ཞིག་མཆིས་པ་ནི་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། གསར་འགྱུར་ཡིག་སྒྱུར་ནི་རྩོམ་རིག་དང་ལོ་རྒྱུས་སོགས་རིག་ཚན་གཞན་དང་མི་འདྲ་བར། དེ་ནི་རྙོག་འཛིང་ཆེ་ཞིང་ལས་འགན་ལྕི་བའི་ལས་རིགས་ཤིག་རེད། དེའི་ཁྱད་ཆོས་གཙོ་བོ་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཏང་གི་གསུང་སྒྲ་དང་གཟིགས་སྐྱོང་སྲིད་ཇུས་དུས་ཐོག་ཏུ་ཤེས་སུ་འཇུག་པ་མ་ཟད། འཕྱུགས་པ་མེད་པའི་སྒོ་ནས་བརྒྱུད་བསྒྲགས་བྱེད་དགོས་པས། ལོ་ཙཱ་བ་ཚོས་རང་སྣང་གང་ཤར་དང་རང་སྣང་གང་དྲན་གྱིས་བསྒྱུར་ན་ཕན་པ་ལས་གནོད་ཆེ་བ་གདོན་མི་ཟ། དཔེར་ན། རྒྱ་ཡིག་གི“豆腐渣工程”ཞེས་པ“ཏོའུ་ཧྥུ་ལས་གྲྭ”ཞེས་བསྒྱུར་ན་བོད་མི་རང་གིས་གོ་དཀའ་ལ་ནང་དོན་གང་ཞིག་བརྗོད་མིན་གཏན་ནས་ཤེས་མི་ཐུབ། དེར་བརྟེན་ལོ་ཙཱ་བ་ཚོས“豆腐”ཞེས་པའི་ཐ་སྙད་ཀྱི་ཁྱད་གཞི་ཁྱད་ཆོས་དང་ཡུལ་གོམས་གཤིས་ལུགས་དང་བསྟུན་ནས་བོད་མིའི་འཚོ་བའི་ནང་གི་ཆ་འདྲའི་དངོས་པོ་དང་ཟུང་འབྲེལ་གྱིས་ཕབ་དགོས་པ་སྟེ།“སྤགས་གོང་ལས་གྲྭ”ཞེས་བསྒྱུར་ན་ཁ་གསལ་ཞིང་གོ་བདེ་དང་། གནད་ལ་འཕིགས་པ། ངག་ལ་འཇགས་བདེ་བ་བཅས་ཀྱི་ཕན་ནུས་དུ་མས་རྨད་དོ། གཞན་ཡང་།“洗衣粉”ཞེས་པར་མཁས་དབང་མང་པོས་རིགས་པའི་གཞུང་ལུགས་ཀྱི་བརྡར་ཤ་ཡང་དག་བཅད་པ་དང་ཆབས་ཅིག མ་ཡིག་གི་ནང་དོན་ལ་གོ་བ་ཡང་དག་བླངས་ནས“ཁྲུས་རྫས་ཕྱེ་མ”ཞེས་བཀས་བཅད་བྱས་མོད། འོན་ཀྱང་དང་ཐོག་དངོས་རྫས་དེ་མང་ཚོགས་ཁྲོད་ཐོན་སྐབས་ཁོང་ཚོས་མ་གྲོས་གཅིག་མཐུན་ངང“དག་ཕྱེ”ཞེས་པ་བཏགས་པ་བློ་ལ་འཇགས་བདེ་ལ། གོ་དོན་རྟོགས་སླ་བར་བརྟེན་གུས་མོའི་བསམ་པར་ཐ་སྙད་དེ་ལྟ་བུ་འཕྲད་ཚེ། ང་ཚོས་མང་ཚོགས་ཀྱི་ཁ་རྒྱུན་བཞིན་བསྒྱུར་ན་དེ་བས་ལེགས་ལ་ཕན་འབྲས་ཆེ་བ་ཐོན་པར་སྙམ། གཞན་ཡང“草原上牛羊多”ཞེས་པ་དེ“རྩྭ་ཐང་སྟེང་དུ་ནོར་ལུག་མང”ཞེས་པའམ་རྩྭ་ཐང་ཐོག་ཏུ་ནོར་ལུག་མང་ཞེས་བསྒྱུར་བ་ལས་བོད་ཀྱི་བརྡ་སྤྲོད་དང་འཚམ་པར་རྩྭ་ཐང་དུ་ནོར་ལུག་མང་ཞེས་བསྒྱུར་ན་ལ་དོན་གྱི་ཕྲད་ཀྱི་དབྱེ་བ་གསལ་ལ་ངག་ནས་བརྗོད་བདེ་བ་སོགས་ཀྱི་དགེ་མཚན་ལྡན་ནོ། དེར་བརྟེན་ང་ཚོས་དཀའ་ངལ་དུ་མ་ཁྱད་བསད་བྱས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་སྒྱུར་ཡིག་དེ་མ་ཡིག་གི་བརྗོད་དོན་དང་ཁ་མ་བྲལ་བ་བྱ་རྒྱུ་མ་ཟད། མང་ཚོགས་ཀྱི་ཁ་རྒྱུན་དུ་འཇགས་པའི་ཐ་སྙད་ཡོད་ཕྱིན། དེ་གང་ཐུབ་སྤྱད་རྒྱུ་གལ་འགངས་ཤིན་ཏུ་ཆེའོ།

    གསུམ་པ། གསར་འགྱུར་ཡིག་སྒྱུར་བྱ་བའི་ཁ་ཕྱོགས།

    གོ་ལ་ཧྲིལ་པོའི་སྤྱི་ཚོགས་དང་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་དང་། ལྷག་པར་དུ་དྲ་རྒྱ་དང་སྐད་འཕྲིན་འཕེལ་རྒྱས་མྱུར་བགྲོད་གཞུང་ལམ་དུ་སྐྱོད་པ་ཇི་བཞིན་འཕོ་འགྱུར་ཆེན་པོ་འགྲོ་མུས་རེད། དེར་བརྟེན་རྒྱལ་ཁབ་ཕྱི་ནང་གི་ཆ་འཕྲིན་དང་ཚན་རྩལ་ཁག་ལ་ཐོབ་པའི་གྲུབ་འབྲས་མགྱོགས་ནས་མྱུར་དུ་རྒྱ་ཆེའི་ཀློག་པ་པོའི་མིག་ལམ་དུ་དྲིལ་བསྒྲགས་བྱ་རྒྱུ་ནི་ང་ཚོ་ལོ་ཙཱ་བའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཞིག་རེད། ང་ཚོ་ལོ་ཙཱ་བ་ཚོས་རང་རང་གི་ལས་སྒོའི་བྱང་ཚད་དང་། རིགས་པའི་གཞུང་ལུགས། དེ་བཞིན་ལག་ལེན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་མ་ཟད།“ཕོ་རབ་གཅིག་གི་བློ་རྩེ་ལས་ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ”ཞེས་པའི་དཔེ་ལྟར་མིང་བརྡ་གཅིག་གྱུར་ལ་ཕན་ཚུན་སྤེལ་རེས་དང་བརྡར་ཤ་ཡང་དག་གཅོད་པ་དང་། སྐད་ཆ་འདྲི་རེས་དང་བསམ་འཆར་བརྗེ་རེས། 《སྒྲ་སྦྱོར་བམ་གཉིས》ཀྱིས་གཙོས་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་གཞི་བཟུང་སྟེ་ལྷག་བསམ་རྣམ་དག་དང་ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་གི་བློ་གྲོས་ཉིང་ཁུ་ཕྱོགས་སྡོམ་བྱས་ཚེ། ཡིག་སྒྱུར་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་དང་འགྱུར་ཡིག་གི་སྤུས་ཚད་ཇེ་ལེགས་སུ་འགྲོ་བར་ཐེ་ཚོམ་ཅིར་མཆིས་ཏེ་མ་མཆིས་སོ། ང་ཚོའི་བོད་ཀྱི་ཡིག་སྒྱུར་བྱ་གཞག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་གདོན་མི་ཟའོ།

    (རྩོམ་པ་པོ། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའི་ཚེ་བརྟན་སྒྲོལ་དཀར།)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།