བྱེད་ནུས་རིང་ལུགས་ཀྱི་ལོ་ཙཱའི་དམིགས་ཡུལ་སྨྲ་བའི་སྐོར་ཅུང་གླེང་བ།
ལོ་ཙཱ་ནི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་འབྲས་བུ་ཐད་ཀར་བསྡུ་ལེན་བྱེད་པའི་ཐབས་བཟང་ཤོས་ཤིག་ཡིན་ཞིང་། ལོ་ཙཱའི་བྱ་འགུལ་ལ་བརྟེན་ནས་བསམ་བློ་གསར་པ་དང་། ཤེས་རིག་གསར་པ། མཐོང་རྒྱ་གསར་པ་སོགས་སྐྱེད་སྲིང་ཐུབ་པ་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཡང་ཐེབས་ཀྱིན་ཡོད།
དང་པོ། ལོ་ཙཱའི་དམིགས་ཡུལ་སྨྲ་བ་གྲུབ་ཚུལ།
བྱེད་ནུས་རིང་ལུགས་ཀྱི་ལོ་ཙཱའི་གཞུང་ལུགས(功能主义翻译理论)མ་ཐོན་གོང་སྲོལ་རྒྱུན་གྱི་སྐད་ཡིག་རིག་པ་དང་སྐད་བརྡ་རིག་པའི་ལོ་ཙཱའི་གཞུང་ལུགས་ཀྱིས་ལོ་ཙཱའི་བྱ་འགུལ་ཁྲོད་གྲུབ་འབྲས་དང་ནུས་པ་གང་མང་ཐོན་ཡོད། འོན་ཀྱང་། ཞིབ་འཇུག་གི་གཙོ་གནད་སྐད་ཡིག་ནང་ཁུལ(语内翻译)ཏེ། མ་ཡིག་དང་འགྱུར་མ་གཉིས་འདྲ་མཚུངས་དགོས་པའི་འཆིང་རྒྱ་ལས་ཐར་མེད་ལ། ལོ་ཙཱའི་ཚད་གཞིར་གཏན་འབེབས་ཀྱི་རང་བཞིན་དམ་པ་དང་ལོ་ཙཱའི་ལག་ལེན་དངོས་ཀྱི་དགོས་མཁོ་དང་མི་འཚམ་ཞིང་། གཞུང་ལུགས་དང་ལག་ལེན་གཉིས་ཐ་དད་དུ་གྱུར་པའི་གནས་སུ་ལྷུང་བས། མཁས་དབང་མང་པོས་གཞུང་ལུགས་མང་པོར་བསམ་གཞིག་དང་དཔྱད་བརྗོད་བྱས་ནས་གཞུང་ལུགས་དེ་དག་གིས་གྲུབ་ཆའི་རྨང་གཞིའི་ཐོག་ཕྱོགས་བསྡུས་རང་བཞིན་དང་མཐོང་ཕྱོགས་མི་འདྲ་བའི་གཞུང་ལུགས་གསར་རྐྱང་ཞིག་ཆགས་པར་འབད་བརྩོན་བྱེད་བཞིན་ཡོད། དེ་ལྟ་བུའི་རིག་གཞུང་གི་རྒྱབ་ལྗོངས་འོག་འཇར་མན་བྱེད་ནུས་རིང་ལུགས་ཀྱི་དམིགས་ཡུལ་སྨྲ་བའི་ལོ་ཙཱའི་གཞུང་ལུགས་འདི་ཉིད་གྲུབ།
འཇར་མན་བྱེད་ནུས་རིང་ལུགས་སམ་གྲུབ་མཐའི་ལོ་ཙཱའི་གཞུང་ལུགས་གྲུབ་པར་ལོ་རྒྱུས་ཀྱི་འཕེལ་རིམ་བཞི་བརྒྱུད་ཡོད་དེ། ཁ་སི་ལིན་ནཱ•རུའེ་སིའི་ཡིག་གཞིའི་གྲས་དང་། ལོ་ཙཱའི་དཔྱད་བརྗོད་ཞིབ་འཇུག་དང་གཅིག(文本类型与翻译批评研究) ཧན་སི•ཧྥེ་མིའི་ལོ་ཙཱའི་དམིགས་ཡུལ་སྨྲ་བ་དང་གཉིས།(翻译目的论) ཅཱ་སི་ཐཱ•ཧོར་ཙི•མན་ཐའི་ལོ་ཙཱ་བའི་ལས་འགུལ་གཞུང་ལུགས་དང་གསུམ།(行为理论) ཁཱ་ལིས་སི་ཏིས་ཨན་ནོར་ཏཱའི་ལོ་ཙཱར་ཁ་ཕྱོགས་པའི་བྱེད་ནུས་དང་བློ་དཀར་གཞུང་ལུགས་དང་བཞི(功能+忠诚)བཅས་ཡིན། གཞུང་ལུགས་དེ་ཉིད་གྲུབ་པ་ལས་སྲོལ་རྒྱུན་གྱི་ནུས་པ་འདྲ་མཚུངས་གཞུང་ལུགས་ཀྱི་བཀག་རྒྱ་ལས་གྲོལ་ཞིང་། ལོ་ཙཱའི་ཞིབ་འཇུག་གི་ལངས་ཕྱོགས་སྐད་བརྡ་རིག་པ་དང་རྣམ་པ་འདྲ་མཚུངས་ཀྱི་ལོ་ཙཱའི་གཞུང་ལུགས་ནས་བྱེད་ནུས་ཅན་དང་སྤྱི་ཚོགས་ཅན། རིག་གནས་ཅན་བཅས་སུ་ཁ་ཕྱོགས་པས་བྱེད་ནུས་རིང་ལུགས་ཀྱི་ལོ་ཙཱའི་གཞུང་ལུགས་ཀྱི་སྲོག་ཤིང་ལྟ་བུར་གྱུར།
གཉིས་པ། ལོ་ཙཱའི་དམིགས་ཡུལ་སྨྲ་བའི་རྩ་དོན་གསུམ།
ལོ་ཙཱའི་དམིགས་ཡུལ་སྨྲ་བས་ལོ་ཙཱའི་བརྒྱུད་རིམ་ཁྲོད་སྤྱི་ཡོངས་ནས་རྩ་དོན་གསུམ་བརྩི་སྲུང་ཞུ་དགོས་ཏེ། གཅིག དམིཌ་ཡུལ་རྩ་དོན།(目的原则) གཉིས། གཅིག་མཐུན་རྩ་དོན། (连贯原则) གསུམ། བློ་དཀར་རྩ་དོན(忠实原则)བཅས་ཡིན།
དམིགས་ཡུལ་རྩ་དོན་ནི་སྔོན་དཔག་དམིགས་ཡུལ་འགྲུབ་ཕྱིར་ཡིག་སྒྱུར་སྐབས་མ་ཡིག་ཁོ་ནར་བསྟུན་མི་དགོས་པ་མཚོན་ཡོད་ཅིང་། དམིགས་ཡུལ་སྐད་ཡིག་དང་དམིགས་ཡུལ་ཀློག་པ་པོར་ཞབས་འདེགས་ཞུ་དགོས་པ་དང་། གཅིག་མཐུན་རྩ་དོན་ནི་འགྱུར་མ་ངེས་པར་དུ་འགྱུར་ནང་ཁུལ་དང་གཅིག་མཐུན་དགོས་པས། ལོ་ཙཱ་བས་ངེས་པར་དུ་དམིགས་ཡུལ་ཀློག་པ་པོའི་རིག་གནས་རྒྱབ་ལྗོངས་དང་སྤྱི་ཚོགས་ཁོར་ཡུག་སོགས་ལ་བསྟུན་དགོས། བློ་དཀར་རྩ་དོན་ནི་མ་ཡིག་དང་འགྱུར་མའི་བར་ཆ་འཕྲིན་གཅིག་མཐུན་དགོས་པས། ཕྱོགས་གཅིག་ནས་རྒྱུན་དུ་ལོ་ཙཱའི་གཞུང་ལུགས་ཁྲོད་བེད་སྤྱོད་བྱེད་པའི་བློ་དཀར་དང་འདྲ་ཞིང་། ཕྱོགས་གཞན་ཞིག་ནས་དམིགས་ཡུལ་སྨྲ་བའི་བློ་དཀར་རྩ་དོན་ཁྲོད་བློ་དཀར་གྱི་ཚད་གཞི་དང་རྣམ་པ་ནི་ལོ་ཙཱའི་དམིགས་ཡུལ་གྱི་ཐག་གཅོད་པ་ཡིན། དེས་རྐྱེན་པས་དེ་སྔ་ང་ཚོས་ལོ་ཙཱའི་གཞུང་ལུགས་སུ་བཤད་པའི་བློ་དཀར་དང་གོ་དོན་ཅུང་མི་འདྲ་བ་ཡོད། རྩ་དོན་གསུམ་བར་གྱི་འབྲེལ་བ་ནི་བློ་དཀར་རྩ་དོན་གཅིག་མཐུན་རྩ་དོན་གྱི་ཁོངས་གཏོགས་དང་། བློ་དཀར་རྩ་དོན་དང་གཅིག་མཐུན་རྩ་དོན་གཉིས་དམིགས་ཡུལ་རྩ་དོན་གྱི་ཁོངས་གཏོགས་ཡིན། དམིགས་ཡུལ་རྩ་དོན་གྱིས་ལོ་ཙཱ་བས་ལོ་ཙཱའི་ཐབས་ལམ་གང་བེད་སྤྱོད་བྱེད་མིན་ཐག་གཅོད་བྱས་པ་མ་ཟད། ལོ་ཙཱ་བས་མ་ཡིག་གི་ནང་དོན་དང་། རྩོམ་ཉམས། ཁྱད་ཆོས་སོགས་བསྐྱར་མཚོན་བྱེད་ཐབས་ཀྱང་ཐག་གཅོད་བཞིན་ཡོད།
གསུམ་པ། ལག་ལེན་ཁྲོད་ཀྱི་བེད་སྤྱོད།
ལོ་ཙཱའི་དམིགས་ཡུལ་སྨྲ་བའི་གཞུང་ལུགས་ལས་ཡིག་སྒྱུར་སྐབས་དམིགས་ཡུལ་རྩ་དོན་གཞིར་བཟུང་ནས་དམིགས་ཡུལ་ཀློག་པ་པོ་གཏན་འཁེལ་བྱས་ཤིང་། གཅིག་མཐུན་རྩ་དོན་གཞིར་བཟུང་ནས་དམིགས་ཡུལ་ཀློག་པ་པོས་དང་ལེན་ཐུབ་པའི་རྨང་གཞིའི་ཐོག་ཁོ་ཚོའི་རེ་བར་བསྟུན་དགོས་པ། མཇུག་ཏུ་དམིགས་ཡུལ་ཀློག་པ་པོ་དམིགས་ཡུལ་དུ་་བྱས་པའི་རྨང་གཞིའི་ཐོག་བློ་དཀར་རྩ་དོན་གཞིར་བཟུང་ནས་མ་ཡིག་གི་ཆ་འཕྲིན་བརྗོད་བྱའི་ནང་དོན་སོགས་མཚོན་པར་བྱེད་དགོས།
དཔེར་ན། བྱིས་རྩོམ་ལོ་ཙཱ་ལ་མཚོན་ན། བྱིས་པའི་རྩོམ་རིག་གི་རྩོམ་ལུགས་རྩོམ་རིག་གཞན་དང་ཁྱད་པར་ཆེ་བས། ཡིག་སྒྱུར་བརྒྱུད་རིམ་ཁྲོད་མི་དར་མའི་རྩོམ་རིག་སྒྱུར་ཐབས་དང་མི་འདྲ་བའི་ཆ་མང་པོ་ཡོད་པས་དམིགས་བསལ་ལྟ་སྟངས་འཛིན་དགོས་ཤིང་། ཡིག་སྒྱུར་བརྒྱུད་རིམ་ཁྲོད་ལོ་ཙཱ་བས་དམིགས་ཡུལ་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཞབས་འདེགས་ཞུ་ཡུལ་བྱིས་པ་གཙོ་བོར་བཞག་སྟེ་དེ་ལ་འཚམ་པའི་ལོ་ཙཱའི་ཐབས་ལམ་ཞིག་བདམས་ལེན་བྱེད་པ་དང་། འགྱུར་རྩོམ་ལ་སྤྲོ་སྣང་ལྡན་ཞིང་། གྲུང་ཤ་དོད་ལ་གསོན་ཤུགས་ཀྱིས་ཁེངས་པའི་སྐད་ཆའི་སྒྱུ་རྩལ་ལྡན་གང་ཐུབ་བྱས་ན། གཞི་ནས་རྒྱ་ཆེའི་ཀློག་པ་པོ་བྱིས་པ་ཚོས་དགའ་ཞེན་བྱེད་པའི་རྩོམ་རིག་བརྩམས་ཆོས་ཤིག་ཆགས་ཐུབ། སྤུས་ཀ་དག་ཅིང་བྱིས་པའི་ལྟ་ཀློག་གི་སྤྲོ་བ་འཕེལ་ཕྱིར། ལོ་ཙཱ་བས་ཡིག་སྒྱུར་བརྒྱུད་རིམ་ཁྲོད་གཤམ་ཀྱི་སྒྱུར་ཐབས་སམ་ཐབས་ཇུས་བེད་སྤྱོད་མཆོག་སྟེ། ཐ་སྙད་སྒྱུར་སྐབས་ཟློས་ཚིག་བེད་སྤྱོད་མང་བ། དཔེར་ན། 船、人、动物、东西སོགས་ལ་བསྐྱར་ཟློས་ཀྱི་ཚིག “ཆུང་ཆུང་”ལྟ་བུ་བརྒྱབ་ཏུ་སྣོན་ནས། གྲུ་ཆུང་ཆུང་། བུ་མོ་ཆུང་ཆུང་། སྤོ་ལོ་ཆུང་ཆུང་ཞེས་བསྒྱུར་བ་དང་། བྱིས་པར་སྒྲུང་གི་ནང་དོན་མངོན་སུམ་དང་གསོན་ཉམས་ལྡན་པ་ཞིག་སྟེར་ཕྱིར་ཟློས་སྒྲའི་ཚིག་ཐུང་བེད་སྤྱོད་བྱས་ནས་ཡིག་རྙོག་མང་པོའི་ཚབ་བྱེད་པ། བྱིས་པར་ནམ་རྒྱུན་ཐོས་མང་བའི་ཁ་སྐད་ཕུད་དཔེ་ཀློག་གི་ཉམས་མྱོང་ཅུང་ཞན་ལ་དང་སྤྱི་ཚོགས་འབྲེལ་འདྲིས་བརྒྱུད་ནས་ཤེས་རྟོགས་བྱུང་བའི་ཐ་སྙད་སོགས་ཚད་ངེས་ཅན་ལྡན་པས་བྱིས་རྩོམ་ཡིག་སྒྱུར་སྐབས་ཁ་སྐད་བེད་སྤྱོད་བྱས་ན་བྱིས་པར་གོ་སླ་ཞིང་སྙིང་ཉེ་བའི་ཚོར་སྣང་སྟེར་ལ། བྱིས་པས་སྒྲུང་གི་ནང་དོན་ལ་གོ་བ་དེ་བས་ཟབ་པ་ལེན་ཐུབ་པ། དཔེར་ན། 口袋ལ་པ་གིར། 车ལ་མོ་ཊ་ལྟ་བུ་དང་། མཆན་འགྲེལ་གྱི་རམ་འདེགས་ཡང་གལ་འགངས་ཤིན་ཏུ་ཆེ། དེ་མིན། བརྗོད་པ་སྒྱུར་སྐབས་བརྗོད་པ་སྟབས་བདེ་ལ་ཐུང་བར་སྒྱུར་བ་དང་། བྱིས་སྣང་དང་ལྡན་པ། བསྐྱར་ཟློས་ནུས་ལྡན་ཐུབ་པ་སོགས་བྱ་དགོས་པ། ལྷག་པར་དུ་རིག་གནས་ཁྱད་པར་ཅན་གྱི་མིང་ཚིག་སྒྱུར་སྐབས་རང་འགྱུར(归化)དང་གཞན་འགྱུར(异化)གཉིས་སྐབས་བབ་ཀྱི་སྐད་ཆའི་ཁོར་ཡུག་དང་སྒྲུང་གི་དགོས་མཁོར་བསྟུན་ནས་སྦྱར་དགོས་ལ། རིག་གནས་ཁྱད་པར་ཅན་གྱི་ཚིག་དག་ལ་མཆན་འགྲེལ་བཀོད་ཚེ། གཅིག་ནས་འགྱུར་རྩོམ་དུ་མ་ཡིག་གི་རིག་གནས་མངོན་ཐུབ་ལ། གཉིས་ནས་བྱིས་པས་མཆན་འགྲེལ་བརྒྱུད་ནས་རིག་གནས་གཞན་ཤེས་རྟོགས་ཐུབ་བོ།
མདོར་ན། ལོ་ཙཱའི་དམིགས་ཡུལ་སྨྲ་བའི་ལྟ་བ་བཏོན་རྗེས་འགྱུར་མར་དཔྱད་བརྗོད་བྱེད་སྐབས་མ་ཡིག་གི་ནང་དོན་ཁོ་ནར་བསྟུན་པའི་ཚད་གཞིའི་བཀག་རྒྱ་ལས་གྲོལ་ཏེ། ལོ་ཙཱ་བའི་རིན་ཐང་དང་ནུས་པ་གལ་ཆེར་བཟུང་ནས། ལོ་ཙཱ་བས་ཁོ་ཚོའི་ལོ་ཙཱའི་བྱ་འགུལ་གྱི་དམིགས་ཡུལ་མི་འདྲ་བ་ལ་བརྟེན་ནས་ལོ་ཙཱ་བྱ་ཐབས་མི་འདྲ་བ་སྤྱད་ཆོག་པ་དང་། མ་ཡིག་གི་ནང་དོན་ལ་དགོས་ངེས་བཞིན་འགྱུར་བ་ཅུང་བཏང་ནས་དམིགས་ཡུལ་ཀློག་པ་པོར་ཕན་ཐོགས་པའི་འགྱུར་མ་ཞིག་གྲུབ་པར་བྱེད་ནུས་རིང་ལུགས་ཀྱི་ལོ་ཙཱའི་དམིགས་ཡུལ་སྨྲ་བའི་གཞུང་ལུགས་ཀྱི་མཛུབ་སྟོན་ནུས་པ་གལ་འགངས་ཆེན་པོ་ཐོན་དང་འདོན་བཞིན་ཡོད།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་ཁང་གི་བསོད་ནམས་ཆོས་སྒྲོན)