རྒན་ལགས། དགོངས་པ་མ་ཚོམས།
རྒན་ལགས། གུས་པ་ནི་དེ་སྔོན་ཁྱེད་ཀྱི་འཛིན་གྲྭའི་ནང་ཚང་མས་དོ་ཁུར་ཆེན་པོ་བྱེད་སའི་སློབ་མ་ཞིག་ཡིན་ལ། ད་ལྟ་སྤྱི་ཚོགས་སྟེང་དུ་དཀའ་ངལ་ཁྱད་བསད་བྱས་དང་བྱེད་མུས་ཀྱི་མི་ཞིག་ཡིན། ངའི་བརྩེ་བའི་རྒན་ལགས། ངས་འདི་ནས་ཁྱེད་ལ་དགོངས་པ་མ་ཚོམས་ཞུ་བ་ཡིན། གང་ལགས་ཤེ་ན། ང་རང་ད་བར་གནོང་འགྱོད་ཀྱི་ཁྲོད་དུ་འཚོ་བཞིན་ཡོད། སྔོན་མ་ཁྱེད་ཀྱི་སློབ་ཕྲུག་བྱེད་སྐབས་སློབ་སྦྱོང་ལ་བརྩོན་པ་མ་བྱས་པར་གནོང་འགྱོད་ཆེ་ལ། སློབ་ཚན་འཚོག་སྐབས་གཏི་མུག་གཉིད་ལ་ཡང་ཡང་ཞུགས་པར་ཡང་འགྱོད་པ་ཆེ། རྟག་ཏུ་སློབ་གྲོགས་ཕན་ཚུན་དབར་རྩེད་འཇོར་དབྱིངས་ཞུགས་པ་དང་ཐ་ན་སྐབས་རེ་དགེ་རྒན་ལ་ཟུར་ཟ་དང་འཕྱ་སྨོད་བྱས་པ་དག་དྲན་དུས། སེམས་ཀྱི་རྒྱ་མཚོར་གནོང་འགྱོད་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་འོངས། ཚ་གདུག་ཧ་ཅང་ཆེ་བའི་དབྱར་དུས་ཀྱི་མཚན་མོ་ཞིག་ལ། ཁྱེད་རང་ཕྱི་པོ་བར་སྦྱོང་ཚན་བཅོས་ནས་བཞུགས་ཡོད་པ་དང་། གློ་བུར་དུ་ཁ་པར་འབྱོར་རྗེས་བྲེལ་འཚུབ་ངང་ངའི་དོན་དག་ཐག་གཅོད་གནང་བར་ཕེབས་པའི་འདས་དོན་དེ་ཡང་ཡང་ཡིད་ལ་འཁོར་འོངས། སྐབས་དེ་དུས་ངའི་ཡིད་ལ་སུན་སྣང་དང་ཁོང་ཁྲོས་ཁེངས་པ་མ་ཟད། ཁྱེད་རང་ནི་ཇུས་མེད་ཇུས་གཏོགས་ཚ་བ་ཞིག་ཏུ་མཐོང་། དེ་དུས་ཁྱེད་ཀྱིས་ང་ཚོར་གལ་སྲིད་ད་ལྟའི་ཆར་སློབ་སྦྱོང་གི་དཀའ་སྡུག་མ་མྱངས་ན་མ་འོངས་པར་ཏན་ཏན་འཚོ་བར་དཀའ་ཁག་མང་པོ་འཕྲད་ནས་ག་བྱེད་འདི་བྱེད་མེད་པར་འགྱུར་སྲིད་ཅེས་གསུངས་མྱོང་མོད། སྐབས་དེ་དུས་ཁོ་བོས་ཁྱེད་ཀྱི་བཀའ་སློབ་སེམས་ལ་འཇོག་རྒྱུ་ལྟ་ཅི། གང་དང་ཅི་ལའང་མི་སྐྲག་པའི་གཞོན་པའི་སྣང་བ་ཁྱེར་ཏེ་ང་རྒྱལ་གྱི་མགོ་འཕང་མཐོན་པོར་བཏེགས་ནས་འབྱུང་འགྱུར་རང་ལ་དབང་བའི་གནམ་ས་ཞིག་གཏོད་ཐུབ་ངེས་རེད་སྙམ་བཞིན་ཡོད། འོན་ཏེ། དུས་ཀྱི་འཁོར་ལོ་མདུན་དུ་འཁོར་བ་དང་བསྟུན་ནས་དངོས་ཡོད་ཀྱི་འཚོ་བས་ཁོ་བོའི་བསམ་ཚུལ་དེ་ནི་རྨོངས་འཐོམ་དང་བྱིས་པའི་སྣང་བ་ཡིན་པར་བདེན་དཔང་བྱས།
ལས་ཀར་ཞུགས་པའི་ལོ་འདི་དག་རིང་། ང་ལ་བདེ་སྐྱིད་དང་སྤྲོ་སྣང་ཞིག་རྙེད་དཀའ། ངས་ད་གཟོད་སློབ་སྦྱོང་ཡག་པོ་མ་བྱས་པའི་འབྲས་བུ་མྱོང་བཞིན་པ་ཚོར། འོན་ཏེ། ད་ཆ་ང་ལ་དེ་སྔོན་ཁྱེད་དང་འདྲ་བར་ཡང་དང་བསྐྱར་དུ་གོ་སྐབས་སྦྱིན་མཁན་མི་འདུག་ལ། ཞར་དང་ཞོར་ལ་སློབ་གསོ་རྒྱག་མཁན་ཡང་མི་འདུག དེ་ལས་ལྡོག་སྟེ་ཤེས་བྱ་ཡོན་ཏན་མེད་པས་རྒྱུན་དུ་གཞན་གྱིས་འཕྱ་དམོད་དང་མཐོང་ཆུང་བྱེད་པ་དང་། ཐ་ན་ངོ་རྒྱུགས་གཏོང་བའི་ཐོབ་ཐང་ཐམས་ཅད་ཀྱང་རང་དབང་མེད་པར་ཤོར་སོང་།
རྒན་ལགས། ད་ལྟ་ངས་ཁྱེད་རང་ལྷག་པར་དྲན་ལ། དེ་བས་ཁྱེད་ཀྱི་བཀའ་སློབ་དག་ཀྱང་ལྷང་ལྷང་དྲན། འོན་ཏེ། ཡོད་ཚད་ཕྱིས་དྲགས་སོང་། རྒན་ལགས། ད་ལྟའི་ཆར། གུས་པར་ཁྱེད་ལ་དགོངས་དག་ཞུ་བའི་ལྷག་བསམ་ཡོད་ཀྱང་དེ་ཡིས་ཕན་ཅི་ཞིག་ཐོགས། དེ་ལས་ཁོ་བོས་ཕམ་ཁ་མྱོང་མཁན་ཞིག་གི་མིང་ཐོག་ནས་སེམས་ནང་གི་སྐད་ཆ་འདི་དག་རྒན་ལགས་ཁྱེད་ཀྱི་ད་ལྟའི་སློབ་མ་རྣམས་ལ་བརྗོད་པར་འདོད། སྙིང་ཉེ་བའི་སློབ་གྲོགས་ཚོ། དགེ་རྒན་ནི་ང་ཚོའི་ཕ་མ་གཉིས་པ་ཡིན་ཞེས་པའི་སྐད་ཆ་འདིར་ངས་གཞི་ནས་གོ་བ་ལོན་ཐུབ་སོང་། ངོ་མ་རེད་ཡཱ། དགེ་རྒན་ནི་ང་ཚོའི་ཕ་མ་ཡིན་ལ་དེ་བས་ཕ་མ་ལས་ཀྱང་ལྷག ཁོང་རྣམ་པས་དུས་རྒྱུན་འཚོ་བའི་ཁྲོད་དུ་ང་ཚོར་ཡང་དང་བསྐྱར་དུ་བཟོད་སྒོམ་དང་ལྟ་རྟོག་གནང་གི་ཡོད་ལ། བརྩི་འཇོག་དང་སེམས་ཁུར་ཡང་གནང་གི་ཡོད། ང་རང་ད་ལྟ་ནར་སོན་ཡོད། ཡིན་རུང་ངའི་དགེ་རྒན་གྱིས་དེ་སྔོན་ང་ན་གཞོན་ཡིན་དུས་ནན་ཏན་གྱིས་ངའི་ཕ་མ་གནང་མྱོང་ཞིང་། ད་ལྟ་ཁོང་རྣམ་ཚོ་ཁྱེད་ཚོའི་ཕ་མར་གྱུར་ཡོད། ངའི་རེ་བར་ཕྱིས་འབྱུང་ཁྱེད་ཚོར་ང་དང་འདྲ་བའི་གནོང་འགྱོད་མི་ཡོང་བའི་ཕྱིར། ཁྱེད་ཚོས་ཁོང་གི་བཀའ་སློབ་ལ་བརྩི་སྲུང་ཞུ་རོགས།
སྙིང་ཉེ་བའི་སློབ་གྲོགས་ཚོ། གཅིག་བྱས་ན་ཁྱེད་ཀྱི་ཁྱིམ་ཚང་འབྱོར་ཕྱུག་ལྡན་པ་དང་། མ་འོངས་པར་འཚོ་ཐབས་ཀྱི་ཆེད་དུ་དཀའ་སྡུག་ཚད་མེད་མྱངས་དགོས་མེད་སྲིད། ཡིན་ནའང་ད་ལྟའི་ཁྱེད་ཀྱིས་གལ་ཏེ་འབད་པ་མ་བྱས་ན། མ་འོངས་པར་ཁྱེད་ཉིད་ལས་གནས་གང་དུ་བྱ་བ་ཅི་ཞིག་སྒྲུབ་རུང་། ད་ལྟ་འབད་པ་མ་བྱས་པའི་རྒྱུ་དེ་ཕྱིས་འབྱུང་གནོང་འགྱོད་ཀྱི་འབྲས་བུའི་ཚུལ་གྱིས་ཁྱེད་ཀྱི་སེམས་དབུས་སུ་སྨིན་སྲིད། དཔེ་ཀློག་གི་དོན་སྙིང་ནི་ནམ་ཡང་འཚོ་ཐབས་ཁོ་ནའི་ཆེད་དུ་ཡིན་མི་སྲིད་ཅིང་། རང་ཉིད་ཀྱི་ནང་སེམས་ལ་སྔར་ལས་ཕུན་སུམ་ཚོགས་པའི་འཇིག་རྟེན་ཞིག་བསྐྲུན་དགོས་ན་དཔེ་ཀློག་ལ་བརྟེན་དགོས་པའོ། ནང་སེམས་ཀྱི་འཇིག་རྟེན་དེས་ཁྱེད་རང་ཐེངས་རེ་རེར་རབ་རིབ་ལས་ཐར་དུ་འཇུག་སྲིད་ལ། ཉམ་ཐག་གི་གནས་སུ་ལྷུང་སྐབས་སུའང་སྟོབས་ཤུགས་སྦྱིན་སྲིད། དཔེ་ཀློག་གིས་ཁྱོད་ལ་སྔར་ལས་བཟང་བའི་གྲོགས་པོ་འཚོལ་དུ་འཇུག་སྲིད་ལ། ཁྱེད་རང་སྔར་ལས་འོད་སྣང་ལྡན་པར་འགྱུར་བར་ལམ་བུ་སྟོན་སྲིད། གཞན་ཡང་། གལ་ཏེ་ཁྱེད་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་སྤྱིར་བཏང་བ་ཞིག་ཡིན་པ་དང་། ཁྱེད་ལ་འགྲན་རྩོད་ཀྱི་གོ་སྐབས་འདྲ་མཉམ་ཞིག་ཐོབ་འདོད་ན། དཔེ་ཀློག་ནི་ཁྱེད་ཀྱི་གཏན་ནས་བློས་གཏོང་མི་རུང་བའི་གདམ་ག་དེ་ཡིན་པ་བློ་ལ་ངེས་དགོས་སོ།
འདི་ལྟར་སྐད་ཆ་མང་པོ་བཤད་ཟིན་དུས། ང་རང་སྔར་བཞིན་རང་ཉིད་ཀྱི་འཚོ་བར་གདོང་གཏོད་དགོས། ངས་སྔར་ལས་ལྷག་པའི་བརྩོན་པ་བསྐྱེད་སྲིད་ལ། སློབ་སྦྱོང་ཡང་མཚམས་འཇོག་མ་བྱས་པར་སྔོན་ཆད་ཀྱི་དུས་ཚོད་ལ་ཁ་གསབ་བྱེད་ངེས་ཡིན། རེད་དེ། ནམ་ཡང་ལོག་མི་ཐུབ་པ་ནི་སྔར་སོང་ཡིན་ལ། ངས་དགོངས་དག་ཞུ་ཡུལ་ནི་སྔོན་ཆད་ཀྱི་དགེ་རྒན་ཡིན།