དུས་བཞིར་བསྔགས་པ།
དཔྱིད།
གཞན་གསོས་བུ་མོའི་གྲེ་འགྱུར་སྙན་དབྱངས་སྤྲོ། །
ཕྱེ་ལེབ་བུང་བ་འཕུར་ལྡིང་གར་ལ་རྩེན། །
གཡུ་འབྲུག་སྔོན་མོས་རྫ་རྔ་དབྱིངས་ནས་བརྡུངས། །
མེ་ཏོག་འཛུམ་ཁ་གྲོལ་བཞིན་མགོ་ལྕོག་ལྡེམ། །
དབྱར།
གསེར་ལྡན་དགའ་མས་གཡུ་ཡི་མལ་སྟན་བཏིང་། །
ཀུན་གསལ་བུ་མོར་ཆུ་འཛིན་དར་གྱིས་གཡོགས། །
ཡན་ལག་བརྒྱད་ལྡན་ཁྲོས་པའི་ངོ་མདོག་འགྱུར། །
རླུང་གི་རྒྱལ་མཚན་མཛེས་པའི་རྒྱན་དུ་བཀྲ། །
སྟོན།
འབྲུ་ལྔ་སྨིན་པའི་སྟ་གོན་བྲེལ་ཞིང་འཚུབ། །
སོ་ནམ་རྒད་པོ་དུང་གི་སོ་སྒོ་འཛུམ། །
རྐང་འཐུང་ཁྱུ་ཚོགས་གསེར་གྱི་ཨ་ལོང་བརྒྱན། །
ཁྱུང་དཀར་མཛོ་ཕོས་ས་ནག་རྒྱུན་བུ་དྲས། །
དགུན།
རི་རྒྱལ་ལྷུན་པོར་ག་བུར་རྡུལ་གྱིས་བརྒྱན། །
དལ་འགྲོའི་རླབས་སྒྲ་ཆུ་ཤེལ་ཅན་གྱིས་བསྡམས། །
ཚང་ཚིང་སྟུག་པོའི་མགྲོན་པོ་གཉིད་དུ་ཡུར། །
སྨན་ཆུང་བུ་མོའི་མཁུར་ཚོས་རུམ་ནང་བརླན། །