དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕ་ཡུལ། ཕ་ཡུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྣག་ཚ་ནག་པོ།   |     སྤེལ་དུས།  2023-11-05

    ཕ་ཡུལ་ནི། མོན་ཕྲུག་ཡུལ་གྱར་ཞིག་གི་དྭགས་ཀོང་གི་རི་ཆུ་ལ་ཤོར་བའི་ཕྱིར་མིག་ཨེ་རེད།

    ཕ་ཡུལ་ནི། གཞིས་ཁྱིམ་གྱི་རྩིགས་ལྡེབས་སུ་ཟགས་པའི་གནས་འགྲོའི་བུ་མོའི་མཆི་མའི་ཕྲེང་རྡོག་ཨེ་རེད།

    ཡང་ན། ཕ་ཡུལ་ནི་ཨ་ཕའི་སྦྲ་ནག་གྲུ་བཞི་ཕུབ་སའི་འཚེར་ས་དེའམ།

    ཨ་མའི་ཞོ་གླུ་སྙན་མོ་དབྱངས་ལ་འགུག་སའི་མུ་མེད་ཀྱི་རྩྭ་ཐང་དེ་རེད།

    ཅི་ཞིག་ནི་ཕ་ཡུལ་རེད།

    རི་ཆུ་ཐང་གསུམ་དང་ཕ་མ་སྤུན་མཆེད་འཚོ་སའི་ལུང་པ་དེར་ཕ་ཡུལ་ཞེས་འབོད་ཆོག་གམ།

    ཡུལ་སྲོལ་དང་རིག་གནས་དར་སའི་ཡུལ་ལུང་དེར་ཕ་ཡུལ་ཞེས་མིང་གདགས་ཆོག་གམ།

    དེ་མིན།

    ཕ་ཡུལ་ནི་ཚེ་སྲོག་གི་ལྟེ་ཁྲག་འཕོ་སའི་ཁང་ཆུང་གྲུ་བཞི་དེ་ལ་ཟེར་ཆོག་གམ།

    ཕ་ཡུལ་ན་ཡང་སྙིང་ཅི་ཞིག་ཡོད།

    ཨ་སྔོན་གྱི་ཐོད་ལ་བཅིངས་པའི་སྤྲིན་དཀར་གྱི་བླ་བྲེ།

    ས་ཆེན་གྱི་ཐང་ན་བཀྲམ་པའི་གཡང་དཀར་གྱི་ལུག་ཁྱུ།

    སྐར་ཚོགས་དང་ཟླ་བར་སྙེགས་པའི་རོགས་མཐུན་གྱི་མཛའ་མོ།

    དབུ་སྐྲ་དུང་ལས་དཀར་བའི་དྲིན་ཆེན་གྱི་ཕ་མ།

    ཡང་ན།

    འགྲོ་འདུག་སྤྱོད་གསུམ་མཐུན་པའི་གྲོང་པ་ཁྱིམ་མཚེས།

    ཕ་ཡུལ་དྲན་པ་ནི་འཚིག་ཇ་ཞིག་གི་རོ་མྱངས་པ་དང་འདྲ།

    ཁ་ཏིག་གི་རོ་ནས་མངར་བའི་བཅུད་མྱོང་ཐུབ།

    དུས་ཚོད་དང་ཆུ་ཁོལ་གྱིས་ཡང་ཡང་བྲན་ཡང་མདོག་དང་བྲོ་བ་མི་ལོག་པའི་ཚོར་བ་གསོན་པོ་ཞིག

    ཕ་ཡུལ་དང་བྲལ་བ་ནི་ནུབ་ཁའི་ཉིན་བྱེད་བཞིན།

    ཁུ་སིམ་དང་ལྷིང་འཇགས་དག་སྐྱོ་སྣང་གི་དྲན་པའི་ངོས་སུ་ལུས་པའི་སེམས་གཅོང་ཞིག

    ཆུང་དུས་ཨ་མའི་ཞལ་ནས།

    བྱིས་པ་ཞིག་གཞན་གྱིས་བརྐུས་རྗེས།

    གཞན་ཡུལ་དུ་ལོ་མང་ལུས་ནའང་།

    མཐར་བྱང་སྐར་སྤུན་བདུན་ལམ་ཐིག་ཏུ་བཟུང་ནས།

    ཕ་ཡུལ་དུ་བདེ་བླག་ངང་སླེབས་པ་ཐོས།

    ནར་སོན་རྗེས།

    ཕ་ས་ཕ་ཡུལ་བྲལ་ནས་ལོ་མང་སོང་བའི་ང་ལ།

    ཕ་ཡུལ་དུ་ལོག་པའི་ལམ་བུ་དེ་རྙེད་སྲིད་དམ།

    ཕ་ཡུལ་དང་གྱེས་ཁར།

    ཡུལ་ཆུ་དྭངས་མ་ལྟེམ་པའི་དམ་བིའི་ནང་།

    རྐང་འོག་ས་ཡི་ཟེགས་མ་བཏབ་ནས་འཐུང་དོན་ཅི།

    ད་དུང་མིག་མཐར་མཆི་ཞག་འཁོར་འཁོར་བྱེད་དོན་གང་།

    ཕ་ཡུལ། ཕ་ཡུལ། རྐང་འོག་ཏུ་མནན་པའི་ས་ཆེན།

    ཕ་ཡུལ། ཕ་ཡུལ། མགོ་ཐོག་ལ་གྱོན་པའི་ནམ་མཁའ།

    གསོན་དུས་ཀྱི་ཕུགས་འདུན་བཅོལ་ས་དང་།

    ཤི་རྗེས་ཀྱི་རུས་ཁྲག་ཐིམ་ས།

    ཁྱེད་ཀྱི་རུམ་ཁོང་དུ་གྲང་རེག་རྒོད་རུང་སེམས་པ་མི་འཁྱགས་པ་ནི་ཕ་ཡུལ་ཡིན་པས་རེད།

    ཁྱེད་ཀྱི་སྒལ་གཞུང་དུ་རླུང་བུ་འཚུབ་རུང་ལུས་པོ་མི་འཁྱོམ་པ་ནི་ཕ་ཡུལ་ཡིན་པས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།