དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • ཉིན་1095ལ་བཞེངས་པའི་ཞལ་ཐང་།

    —— བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭའི་སློབ་ཐོན་སློབ་མའི་ཐང་ག་རྩེ་གྲས་འགྲེམས་སྟོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། བསྟན་འཛིན་གཡུ་སྒྲོན། བསོད་ནམས་ཆོས་སྒྲོན།   |     སྤེལ་དུས།  2023-11-04

    འདི་འགྲེམས་སྟོན་ལ་ཞུགས་པའི་སྐུ་མགྲོན་དང་ལྷ་འབྲི་བ་ཚོས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    འདི་ལྟད་མོ་བས་འགྲེམས་སྟོན་ལ་ལྟ་བཞིན་པ།

    འདི་ལྟད་མོ་བས་འགྲེམས་སྟོན་ལ་ལྟ་བཞིན་པ།

    འདི་སློབ་སྤྱི་བསྟན་འཛིན་ཕུན་ཚོགས་ཀྱིས་གཏམ་བཤད་སྤེལ་བཞིན་པ།

    འདི་སྐུ་མགྲོན་རྣམ་པས་འགོ་ཚུགས་མཛད་སྒོར་ལྟ་བཞིན་པ།

    འདི་ལྟད་མོ་བས་སློབ་ཐོན་སློབ་མའི་ཐོན་ཐང་ལ་ལྟ་བཞིན་པ།

    འདི་སློབ་སྤྱི་རྒན་གཞོན་དང་ཕུལ་བྱུང་སློབ་ཐོན་སློབ་མའི་མཉམ་པར་ཡིན་པ།

    འདི་འགྲེམས་སྟོན་ལ་ཞུགས་མཁན་གྱི་སྐུ་མགྲོན་རྣམ་པའི་མཉམ་པར་ཡིན་པ།

    བོད་ཀྱི་རིག་གནས་ཀྱི་ནང་དོན་ཇི་སྙེད་ཅིག་འདུས་པའི་ཐང་གའི་སྒྱུ་རྩལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ཀྲུང་ཧྭའི་རིག་གནས་བང་མཛོད་ཀྱི་འོད་གསལ་ལེར་འཚེར་བའི་ནོར་བུ་རྩ་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཡང་དག་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ལྷ་འབྲི་བ་མང་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྐོར་གྱི་དགོངས་པ། ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བའི་ཐད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོངས་མི་དགོས་པའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲས་ཇི་སྙེད་ཅིག་བཞེངས་པར། བོད་ཀྱི་ཐང་གའི་སྒྱུ་རྩལ་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད།

    བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དོ་དམ་ཨུ་ལྷན་དང་བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་ལྟེ་གནས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་ཐང་གའི་མཐུན་ཚོགས་དང་བོད་ལྗོངས་ཐང་གའི་སྒྱུ་རྩལ་རྟེན་མཛོད་ཁང་གིས་གཉེར་རོགས་བྱས་པའི《ཉིན་1095བཞེངས་པའི་ཞལ་ཐང》བརྗོད་གཞིར་བྱས་པའི་བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭའི་སློབ་ཐོན་སློབ་མའི་ཐང་ག(ཐོན་ཐང)རྩེ་གྲས་འགྲེམས་སྟོན་ཟླ་10ཚེས་27ཉིན་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་དུ་གནས་པའི་བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭར་གཟབ་རྒྱས་ངང་གཉེར་བ་དང་། ཐེངས་འདིའི་འགྲེམས་སྟོན་ལ་སློབ་གྲྭ་དེ་གའི་སློབ་ཐོན་སློབ་མའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲས་ཁག་39འགྲེམས་སྟོན་བྱས་པ་དེ་དག་ནི་དགེ་རྒན་ཆེ་མོ་བ་བསྟན་པ་རབ་བརྟན་ལགས་ཀྱིས་སྐུ་ཡི་འཕེན་པ་མ་རྫོགས་གོང་དུ་བསྐྱངས་པའི་སློབ་མ་ཚོས་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་པ་དང་། བཤེས་གཉེན་གྱི་དྲུང་ནས་བཟོ་རིག་པའི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཞུས་ཏེ་སྨན་ཐང་ལུགས་ཀྱི་ཐང་ག་འབྲི་བཞེངས་ཀྱི་གཞུང་ལུགས་དང་ལག་ལེན་གཉིས་ཀར་འབད་བརྩོན་ལྷོད་མེད་བྱས་ནས། 2020ལོ་ནས་2023ལོའི་བར་ཏེ་ཉིན་གྲངས་1095ཙམ་ལ་བཞེངས་པའི་ལྗིད་ཏིག་ཏིག་གི་སྒྱུ་རྩལ་གྱི་བརྩམས་ཆོས་འབའ་ཞིག་ཡིན་པས། ཐོན་ཐང་རེ་རེ་ནི་སློབ་མ་མི་རེ་ངོ་རེའི་བློ་གྲོས་དང་རྩལ་ནུས་གཅིག་ཏུ་བསྡུས་པའི་སྙིང་ནོར་ལྟ་བུ་དང་། དགེ་རྒན་དམ་པར་གུས་འདུད་དང་རྗེས་དྲན་ཞུ་སྟངས་ཤིག སློབ་མ་རྣམས་ཀྱིས་དགེ་རྒན་དམ་པའི་བཀའ་སློབ་སྙིང་བཅངས་ཀྱིས་ཐང་གའི་སྒྱུ་རྩལ་ལ་བཅངས་པའི་ལྷག་བསམ་མཚོན་སྟངས་ཤིག་དང་བཟོ་བོའི་སྙིང་སྟོབས་མངོན་སྟངས་ཤིག་ཀྱང་རེད། ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་རིང་། ཕྱོགས་གང་ས་ནས་ཕེབས་པའི་ཐང་གའི་སྒྱུ་རྩལ་ཐད་ཀྱི་ཆེད་ལས་མཁས་པ་དང་། སེམས་ནུས་ཡོད་རྒུས་ཐང་གའི་སྒྱུ་རྩལ་ལ་གཞོལ་བའི་ལུགས་མི་འདྲ་བའི་ལྷ་འབྲི་བ། ཐང་གའི་སྒྱུ་རྩལ་ལ་མོས་པའི་ལྟད་མོ་བ། བོད་ཀྱི་རིག་གནས་ལ་དུངས་བ་ཟབ་ཅིང་སྤྲོ་བ་ཆེ་བའི་སྐྱེ་བོ་500ཙམ་མ་གྲོས་གཅིག་མཐུན་གྱིས་འདི་གར་འཛོམས་ནས། བོད་ཀྱི་སྒྱུ་རྩལ་གྱི་སྙིང་བཅུད་དུ་མ་འདུས་པའི་ཐང་གའི་སྒྱུ་རྩལ་ལ་མྱོང་རོལ་དང་ཉམས་ལེན་བྱེད་བཞིན་མཆིས།

    ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭ་ནི་བོད་ཀྱི་ལྷ་འབྲི་བ་ཆེ་མོ་བསྟན་པ་རབ་བརྟན་མཆོག་གིས་1980ལོར་ལྷ་སའི་ཚེ་སྨོན་གླིང་རྭ་སྒྲེང་བླ་བྲང་དུ་དངོས་སུ་བཙུགས་གནང་མཛད་པ་དང་། ད་བར་ལོ་ངོ་40ལྷག་གི་ལོ་རྒྱུས་ཡོད། དགེ་རྒན་ཆེ་མོ་བསྟན་པ་རབ་བརྟན་མཆོག་ནི་བོད་ཀྱི་ཐང་གའི་སྒྱུ་རྩལ་མཁས་དབང་དང་། སློབ་གསོ་མཁས་ཅན། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ། སྨན་ཐང་ལུགས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ། རྒྱལ་ཁབ་རིམ་པའི“མཛད་རྗེས་ཕུལ་བྱུང”གི་གོ་མིང་མངའ་བའི་སྒྱུ་རྩལ་མཁས་དབང་། ཀྲུང་གོའི་མཛེས་རྩལ་བའི་མཐུན་ཚོགས་ཀྱི་སློབ་གསོ་ཨུ་ལྷན་གྱི་ཨུ་ཡོན་སོགས་ཡིན་པ་དང་། ཁོང་གིས་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་མི་རིགས་ཀྱི་སྒྱུ་རྩལ་ཕུལ་བྱུང་འདི་ཉིད་ཁྱིམ་རྒྱུད་ཁོ་ནར་སྤེལ་བའི་སྲོལ་རྒྱུན་ལས་བརྒལ་ཏེ་སྤྱི་ཚོགས་ཁྱོན་ཡོངས་དང་སློབ་གྲྭ་ཆེ་མོའི་ཁྲིད་སྟེགས་སུ་དྲངས་གནང་ཡོད་ལ། སྐུ་ངལ་ལ་མ་འཛེམས་པར་ཞིབ་འཇུག་གནང་བ་བརྒྱུད། བོད་ཀྱི་རི་མོའི་སློབ་གསོའི་སྲོལ་རྒྱུན་གྱི་ཁྲིད་སྟངས་ལ་སྒྱུར་བཅོས་དང་ཁ་གསབ་གནང་སྟེ་མཐོ་རིམ་སློབ་གསོའི་ལམ་ལུགས་དང་མཐུན་པའི་སློབ་ཁྲིད་ཀྱི་དགོས་མཁོར་གཞིགས་ནས་སློབ་དེབ་བརྩམས་གནང་བ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཚོན་དུས་འགྱུར་དབང་གིས་ཧ་ཅང་ཉག་ཕྲ་བའི་ཚུལ་ལ་གཟིགས་ཏེ། ཞིབ་འཇུག་དང་མྱུར་སྐྱོབ་མཛད་པས་བོད་ལུགས་གཏེར་ཚོན་གྱི་རྒྱལ་ཁབ་རིམ་པའི་ཆེད་དབང་ཀྱང་ཐོབ།

    བོད་ལྗོངས་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭ་གཉེར་ནས་ལོ་ངོ་40ལྷག་ཙམ་སོང་རིང་། སློབ་གྲྭས་སྔ་རྗེས་སུ་ལྗོངས་ཕྱི་ནང་དང་། ལྷག་པར་དུ་བོད་རིགས་ས་ཁུལ་ཁག་གི་ཞིང་འབྲོག་པའི་བུ་ཕྲུག་དང་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་སོགས་ཁྱོན་མི་གྲངས་500ལྷག་ཙམ་བསྡུས་ནས་བྱང་གོམས་ཕྱུག་པ་ཤ་སྟག་ལ་བསྐྱངས་ཤིང་། སློབ་ཐོན་སློབ་མ་ཕུལ་བྱུང་འགའ་རེ་ནི་ད་ཆ་རྒྱལ་ཁབ་རིམ་པའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་འབུམ་རམས་པའི་སློབ་དཔོན་སོགས་ཀྱི་འགན་བཞེས་བཞིན་ཡོད་ལ། ཐང་གའི་རི་མོའི་འགྲན་སྡུར་དང་འགྲེམས་སྟོན་ལ་སློབ་མ་མང་པོར་གསེར་དང་དངུལ་གྱི་བྱ་དགའ་དང་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་པ་མ་ཟད། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྤྲད་པའི་རིམ་པ་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱི་ལྷ་འབྲི་བའི་མཚན་སྙན་འཐོབ་མཁན་ཡང་མི་ཉུང་བ་ཞིག་ཡོད། གཞན་ཡང་། སློབ་མ་མི་ཉུང་བ་ཞིག་གིས་སློབ་གྲྭ་ཐོན་རྗེས་ལྷ་སའམ་ཡང་ན་རང་རང་གི་ཕ་ཡུལ་དུ་ཐང་གའི་སློབ་གྲྭ་དང་། སྒྱུ་རྩལ་གླིང་། རི་མོ་འབྲི་སའི་ལས་ཤག་སོགས་གཉེར་ཡོད་པས། དེས་ཐང་གའི་རིག་གནས་ཙམ་མ་ཟད། ཞིང་འབྲོག་པའི་བུ་ཕྲུག་གི་ལས་གཏོད་དང་ཡོང་འབབ་འཕར་བར་སྣེ་ཁྲིད་ཐུབ་པ་དང་། ཁྱིམ་ཚང་མང་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུགས་འདུན་ཡང་མངོན་འགྱུར་བྱུང་ཡོད་པས། སློབ་གྲྭ་དེ་ནི་མིང་དོན་མཚུངས་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ས་ཆེ་ཤོས་སུ་གྱུར་ཡོད་པ་རེད།

    ད་ལྟའི་སློབ་སྤྱི་ནི་རྒན་བསྟན་པ་རབ་བརྟན་མཆོག་གི་བུ་བསྟན་འཛིན་ཕུན་ཚོགས་ལགས་ཡིན་པ་དང་། ཁོང་ནི་བོད་རང་སྐྱོང་ལྗོངས་སྨན་ཐང་ལུགས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན། ཀྲུང་གོ་མཛེས་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་ཐང་གའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་རེད། སློབ་སྤྱི་བསྟན་འཛིན་ཕུན་ཚོགས་ཀྱིས། ང་ཚོས་སྲོལ་རྒྱུན་མཛེས་རྩལ་དེང་རབས་སློབ་ཁྲིད་ཀྱི་རྣམ་པ་དང་མཐུན་པ་དང་། རྒྱུན་འཛིན་དང་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྲིད་ཇུས་བཟང་པོའི་མཛུབ་སྟོན་འོག རྒྱལ་ཡོངས་ཀྱི་ས་ཕྱོགས་གང་སར“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”ཚ་རླབས་ཤིག་འཕྱུར་བ་དང་། རྒྱལ་ཁབ་ཀྱིས་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་བསམ་ཕྱོགས་གསར་པ་དང་། དམངས་གཉེར་ལས་རིགས་སློབ་གྲྭར་རོགས་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་གནང་བས། ཏང་གི་དམངས་ཕན་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་བསྟུན་ནས་སློབ་གྲྭའི་སློབ་གསོའི་སློབ་ཁྲིད་ཀྱི་བྱེད་སྒོ་ཁག་ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་བརྗོད་པ་དང་། ཁོང་གིས། སློབ་གྲྭས་སྔར་ཡོད་ཆེད་ལས་དགེ་རྒན་གྱི་རྨང་གཞིའི་རྒྱུན་བསྐྱངས་ཏེ། དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་ཆེད་ལས་དགེ་རྒན་10དང་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་5གདན་དྲངས་ནས། རྒྱལ་ཁབ་ཀྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ཚད་གཞི་ལྟར་སློབ་གྲྭ་གཉེར་བཞིན་ཡོད། 2014ལོའི་ཟླ་5པར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ངེད་སློབ་གྲྭ་དེ་ཉིད“སྨན་ཐང་ལུགས་ཀྱི་ཁྲིད་སྦྱོང་རྟེན་གཞིར་བདམས་གནང་བ་དང་། མིག་སྔར་སློབ་གྲྭའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཆིག་སྟོང་ལྷག་ཙམ་ཡོད་ཅེས་བརྗོད།

    སློབ་ཐོན་སློབ་མ་ཕག་མོ་རྟ་མགྲིན་གྱིས། ང་2014ལོར་བསྟན་པ་རབ་བརྟན་ཐང་གའི་སྒྱུ་རྩལ་སློབ་གྲྭར་ཡོང་བ་ཡིན། རྒན་བསྟན་པ་རབ་བརྟན་ལགས་ཀྱི་དྲུང་དུ་སློབ་གཉེར་གྱི་བསྐལ་བ་ཐོབ་པ་ནི་ངའི་གཟི་བརྗིད་ཡིན། རྒན་ལགས་མཆོག་དང་ད་ལྟའི་སློབ་སྤྱི་བསྟན་འཛིན་ཕུན་ཚོགས་ཀྱིས་ང་ཚོའི་གང་ས་ཅི་ཐད་ལ་ལྟ་རྟོག་མང་པོ་གནང་གི་འདུག ལྷ་འབྲི་བའི་ངོས་ནས། ངས་རྒན་ལགས་ཀྱི་བཀའ་སློབ་སྙིང་ཁར་བཅངས་ནས་བོད་ཀྱི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་ཞེས་བརྗོད།

    ཤེས་རྟོགས་བྱས་པར་གཞིགས་ན། བསྟན་འཛིན་ཕུན་ཚོགས་ཀྱིས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་དཀའ་ངལ་མཉམ་སེལ་གྱི་རྩ་དོན་གཞིར་བཟུང་། རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དབུལ་པོའི་བུ་ཕྲུག་རྣམས་ལག་རྩལ་སྣ་གཅིག་ལ་བྱང་ཆུབ་པའི་རྩལ་ནུས་ཅན་དུ་འགྱུར་ཆེད་སློབ་གྲྭ་དེའི་སློབ་གཉེར་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། མུ་མཐུད་སློབ་ཡོན་མི་དགོས་པར་སློབ་མ་མང་པོ་སྐྱོང་བཞིན་ཡོད་པར། མིག་སྔར་སློབ་གྲྭས་སློབ་མ་90ཙམ་རིན་མེད་དུ་གསོ་སྐྱོང་བྱེད་བཞིན་ཡོད་པ་དང་། དེ་བས། རིག་གནས་སྤེལ་རེས་དང་ཤེས་བྱ་མཉམ་སྤྱོད་བྱེད་པའི་དེང་རབས་སྤྱི་ཚོགས་སུ་ཐང་གའི་རིག་གནས་འདིའང་ཁྱབ་གདལ་གཏོང་ཆེད། དུས་ཐུང་གསོ་སྦྱོང་འཛིན་གྲྭ་གཉེར་ནས་རྒྱལ་ཡོངས་ཀྱི་ཐང་གར་དགའ་པོ་ཡོད་མཁན་དག་གི་འདུན་པ་སྐོང་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།