དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • དཀའ་སྤྱད་ཞིང་ས་གཤིན་པོ་ལ། སྲིད་བཟང་སྦྲང་ཆར་ཟིལ་མ་འབབ།

    —— མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཀློང་གྲོལ་སྒང་གྲོང་ཚོའི་གྲོང་མི་སྤེན་པ་ལྷག་སྒྲོན་གྱི་ལས་གཏོད་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-03

    ▲ སྤེན་པ་ལྷག་སྒྲོན་ཁྱོ་ཤུག་གིས་བག་ལེབ་བཟོ་བཞིན་པ།

    “ཨ་ཅག་སྤེན་པ་ལྷག་སྒྲོན། ང་ལ་སྒོར་མོ་བཅུའི་ཀྲིང་མོག་ཚོངས་དང” ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མཁར་རྩེ་གྲོང་ལྷན་གྱི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་མཁས་གྲུབ་མོག་མོག་ཚོང་ཁང་དུ་སྤེན་པ་ལྷག་སྒྲོན་དང་བཟའ་ཟླ་མཁས་གྲུབ་རྒྱ་མཚོས་བྲེལ་བྲེལ་འཚུབ་འཚུབ་ངང་ཀྲིང་མོག་བཙོ་བ་དང་བག་ལེབ་བཟོ་བཞིན་པ་མཐོང་བྱུང་།

    སྤེན་པ་ལྷག་སྒྲོན་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཀློང་གྲོལ་སྒང་གྲོང་ཚོའི་གྲོང་མི་ཞིག་ཡིན་ཞིང་། ཁྱིམ་དུ་ནང་མི་6ཡོད་པར་ཕྲུ་གུ་3དང་རྒས་འཁོགས་1ཡོད། གནས་སྤོས་མ་བྱས་གོང་དུ་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་ས་ཞིང་མུའུ་ཁ་ཤས་དང་འབྲི་གཡག་བཅུ་གྲངས་ཡོད་པ་དེ་རེད། 2018ལོར་རྫོང་གྲོང་དུ་སྤོས་རྗེས་ནང་མི་རྣམས་སྨི་ངོས་གྲུ་150ཡོད་པའི་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད། སྤེན་པ་ལྷག་སྒྲོན་གྱིས། ང་ཚོས་ད་དུང་སྲིད་གཞུང་ལ་བརྟེན་ནས་བསྡད་ན་ག་ལ་འགྲིག རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབད་འཐབ་བྱས་ཏེ་ཕྱུག་འགྱུར་ཡོང་བ་བྱེད་དགོས་ཞེས་བརྗོད། ཁོང་ཁྱོ་ཤུག་གིས་ནང་མོལ་བྱས་རྗེས་མཁས་གྲུབ་རྒྱ་མཚོ་ཕྱིར་ལག་རྩལ་སྦྱོང་བར་བསྐྱོད། དུས་ཚོད་ངེས་ཅན་སོང་བ་དང་བསྟུན་ནས་ལག་རྩལ་ཡང་ཕྲན་བུ་ཤེས་རྗེས་མཁས་གྲུབ་རྒྱ་མཚོས་ཕ་ཡུལ་དུ་ལོག་སྟེ། རྫོང་གྲོང་དུ་མཁས་གྲུབ་ཀྲིང་མོག་ཚོང་ཁང་ཞེས་པ་ཞིག་བཙུགས།

    ཁོང་ཁྱོ་ཤུག་གིས་དཀའ་སྤྱད་ངལ་རྩོལ་བྱས་པ་མ་ཟད། ད་དུང་སེམས་རྩ་འཁོལ་པོས་འཛད་སྤྱོད་པར་ཞབས་འདེགས་ཧུར་ཐག་ཞུ་བཞིན་ཡོད་པ་དང་། ཁོང་གཉིས་ཀྱིས་འཚོང་བའི་ཀྲིང་མོག་དང་བག་ལེབ་ཟ་ཤེད་ཆེ་ལ་བྲོ་བའང་ཆེ་བས་ཉོ་མཁན་མང་པོ་བྱུང་། མལ་གྲོ་གུང་དཀར་རྫོང་ས་གཙང་ཀུང་སིའི་འོས་སྦྱོར་འོག མལ་གྲོ་གུང་དཀར་རྫོང་སློབ་འབྲིང་དང་གན་རྒྱ་བཞག་ནས་རྫོང་སློབ་འབྲིང་གི་དགེ་སློབ་ལ་བག་ལེབ་ཡུན་རིང་མཁོ་འདོན་བྱེད་འགོ་ཚུགས་པས། སྤེན་པ་ལྷག་སྒྲོན་ཁྱོ་ཤུག་གི་ཚོང་ཡང་དེ་བས་ཡག་ཏུ་སོང་། སྤེན་པ་ལྷག་སྒྲོན་གྱིས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་ལས། ང་ཚོས་དེ་གར་སྤོས་རྗེས་ཀྲིང་མོག་དང་བག་ལེབ་བཟོ་བའི་ལག་རྩལ་སྦྱངས་ནས་ཀྲིང་མོག་ཚོང་ཁང་དེ་བཙུགས་པ་ཡིན། རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་པ་བརྒྱུད་འཚོ་བ་དེ་བས་ཡག་ཏུ་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་སྔར་ལས་བརྟན་དུ་ཕྱིན་སོང་ཞེས་བརྗོད།

    ཉིན་དགུང་འཆར་ལ་ཉེ་བའི་མཚམས་སུ། སྤེན་པ་ལྷག་སྒྲོན་གྱིས་ལག་གི་ལས་ཀ་ཕར་བཞག་སྟེ་ང་ཚོ་ཁོང་གི་ཁྱིམ་དུ་གདན་དྲངས། དཀར་ཆ་དོད་པའི་ཁྱིམ་དུ་ཚོམས་ཆེན་དང་། གསང་སྤྱོད། ཉལ་ཁང་། མགྲོན་ཁང་བཅས་ཡོད་པ་མ་ཟད། ད་དུང་ཁང་པའི་ནང་དུ་བོད་བཟོའི་ཆ་སྒམ་དང་། བོད་བཟོའི་ཉལ་ཁྲི། གོས་འཁྲུད་འཕྲུལ་ཆས། འཁྱག་སྒམ། མར་ཟོམ། གློག་གི་སླ་ང་སོགས་འཛིན་ཆས་གང་དགོས་ཅི་དགོས་འདུག སྤེན་པ་ལྷག་སྒྲོན་གྱིས་འཛུམ་དམུལ་དམུལ་ངང་། དེ་སྔ་ངའི་ཁྱིམ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་བཅུ་ཕྲག་ཁ་ཤས་ལས་མེད། ནང་མི་ཚང་མ་ཁང་པ་གཅིག་ཏུ་སྡོད་ཅིང་། དབྱར་ཁ་ཆར་པ་འབབ་སྐབས་ཁང་པའི་གང་སར་ཆར་ཐིགས་རྒྱག་པ་དང་དགུན་ཁ་ཧ་ཅང་གྲང་མོ་འདུག ད་ཆ་ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་པ་མ་ཟད། འཚོ་བ་འབེལ་འབེལ་ལྷུག་ལྷུག་ཡོད་ཅེས་བརྗོད།

    འདས་ཟིན་པའི་ལོ་གཉིས་ལྷག་ཙམ་གྱི་དུས་ཚོད་ནང་ཁོང་ཁྱོ་ཤུག་གིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཀྲིང་མོག་ཚོང་ཁང་གཉེར་ཞིང་། ད་ཆ་ཟླ་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.5ཡས་མས་ཟིན་པ་དང་། ཁོང་གཉིས་པོས་སྔར་རྒྱུན་བཞིན་རང་གི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དང་སྐྱོད་བཞིན་མཆིས།

    བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད། སྤེན་པ་ལྷག་སྒྲོན་ཁྱོ་ཤུག་དང་འདྲ་བར་མལ་གྲོ་གུང་དཀར་རྫོང་མཁར་རྩེ་གྲོང་ལྷན་གྱི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པའི་དུད་ཚང་486གི་གྲོང་མི་2301ཚང་མས་ལས་ཞུགས་གཞན་སྒྱུར་དང་། རང་བརྟེན་ལས་གཏོད། ཁེ་ལས་སུ་ལས་ཀར་ཞུགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་སྔ་ས་ནས་དབུལ་པོའི་གནས་ལས་གྲོལ་ཏེ། མི་སྨོན་རང་སྐྱིད་ཀྱི་འབྱོར་འབྲིང་གི་ལམ་དུ་བསྐྱོད་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།