དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • མངོན་མིན་རིག་གནས་ཤུལ་བཞག་གླིང་བྲོ་ཡིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

    —— འདམ་གཞུང་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-01

    ཉེ་བའི་ལོ་ཤས་རིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། མངོན་མིན་རིག་གནས་ཤུལ་བཞག་དེ་རིམ་བཞིན་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ཁུངས་སྐུལ་སྤྱོད་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་རམ་འདེགས་ཤུགས་ཆེན་ཞིག་ཏུ་གྱུར་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཉམས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ན། གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པ་མ་ཟད། ད་དུང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་རིག་གནས་ཀྱི་རང་རྟོན་རང་དར་ལ་སྐུལ་འདེད་གཏོང་བར་ཡང་གསོན་ཤུགས་ཆེན་པོ་མཁོ་འདོན་བྱེད་ཐུབ།

    2016ལོར《ལུང་རིང་གླིང་བྲོ》འདམ་གཞུང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པ་དང་། 2022ལོར་ལྷ་ས་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པ་རེད། གླིང་བྲོ་ལ་ཐུན་མོང་མ་ཡིན་པའི་ནང་དོན་དང་རྣམ་པ་ལྡན་པ་སྟེ། སྒྱུ་རྩལ་གྱི་ཉམས་འགྱུར་དང་། རོལ་མོ། འཁྲབ་སྟངས། འཕེལ་རིམ་སོགས་ལ་བཤད་ལེན་འཁྲབ་གསུམ་གྱི་གདོད་མའི་རྣམ་པ་སོར་ཉར་བྱས་ཡོད།

    ཡིན་ན་ཡང་། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྒན་གྲས་མང་པོ་གཅིག་རྗེས་གཉིས་མཐུད་དུ་གྲོངས་པ་དང་བསྟུན་ནས། གླིང་བྲོའི་རྒྱུན་ཆད་ལ་ཉེ། གླིང་བྲོ་རྒྱུན་འཛིན་དང་འཕེལ་རྒྱས་སྔར་བས་ཡག་པོ་གཏོང་ཆེད། ཉེ་ཆར། རྣམ་གྲངས་དེའི་རྒྱུན་འཛིན་མི་རབས་ལྔ་པ་བསོད་ནམས་རྡོ་རྗེས་འདམ་གཞུང་རྫོང་ལུང་རིང་ཤང་ལུང་རིང་གྲོང་ཚོའི་འབྲོག་པ་མང་ཚོགས་20ལྷག་གི་སྣེ་ཁྲིད་དེ་གླིང་བྲོ་རྒྱུན་འཛིན་དང་སྲུང་སྐྱོང་གི་ལས་དོན་སྤེལ་ཅིང་། དམངས་ཁྲོད་སྒྱུ་རྩལ་པའི་གསོན་ཉམས་རྒྱུན་འཛིན་གྱི་རང་སྟོབས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་བཟོ་རྩལ་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད།

    གླིང་བྲོའི་རྒྱུན་འཛིན་མི་རབས་ལྔ་པ་བསོད་ནམས་རྡོ་རྗེས་ལོ་13ནས་གླིང་བྲོ་སྦྱངས་ཏེ་ད་བར་ལོ་30ལྷག་ཕྱིན་ཡོད། གླིང་བྲོ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་ཆེད། བསོད་ནམས་རྡོ་རྗེས་ཁོམ་པ་བྱུང་སྐབས་ནང་སྦྱོང་ཁང་དང་འཁྲབ་ཆས་མེད་ལ། མ་དངུལ་དཀོན་པའི་གནས་ཚུལ་འོག་དཀའ་ངལ་ཁྱད་དུ་བསད་དེ་རང་ཉིད་ཀྱིས་ཤེས་པའི་གླིང་བྲོའི་རྩལ་ནུས་བུམ་པ་གང་བྱོའི་ཚུལ་དུ་མི་རབས་རྗེས་མར་བསླབས་པ་རེད།

    ད་ཆ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག གླིང་བྲོ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་ཡོད། གླིང་བྲོའི་སྐད་གྲགས་ཆེ་རུ་གཏོང་ཆེད། གླིང་བྲོ་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འདམ་སྤྱི་རིམ་རྟ་རྒྱུག་གི་གཙོ་གནད་ལེ་ཚན་ཞིག་ཏུ་བརྩིས་ནས་ལོ་ལྟར་འཁྲབ་སྟོན་བྱས་པས་ཤུགས་རྐྱེན་ཐེབས་ཚད་དང་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། དེར་བརྟེན། བསོད་ནམས་རྡོ་རྗེས་སྤོབས་པ་ཆེན་པོས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། གླིང་བྲོ་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་བརྗོད།

    མངོན་མིན་རིག་གནས་ཤུལ་བཞག་གླིང་བྲོ་ཡིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་ནི་འདམ་གཞུང་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་མངོན་ཚུལ་ཡག་ཤོས་ཤིག་ཡིན་ལ། གྲོང་གསེབ་རིག་གནས་དར་རྒྱས་ལ་འབྱུང་རྩའི་གསོན་ཤུགས་ཀྱང་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།