དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་འདུ་འཚོགས་པ།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལས་འཛིན་དཔོན་གྱི་འགན་བསྟུད་མར་བཞེས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-01

    ཟླ་10ཚེས་26དང་27ཉིན། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས(གཤམ་དུ“ཐེབས་རྩ་ལྷན་ཚོགས”ཞེས་བསྡུ་རྒྱུ)ལས་འཛིན་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་འདུ་གཞིས་རྩེར་བདེ་བླག་ངང་འཚོགས་པ་རེད། ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཞི་པའི་ཚོགས་འདུ་ཐེངས་དྲུག་པར་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ལས་འཛིན་བདམས་ཐོན་བྱུང་བ་དང་། ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ཚོགས་འདུ་ཐེངས་དང་པོར་ལས་འཛིན་དཔོན་དང་། ལས་འཛིན་དཔོན་གཞོན་པ། དྲུང་ཆེ་བཅས་བདམས་ཐོན་བྱུང་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཞི་པའི་ལས་འཛིན་དཔོན་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ལས་འཛིན་དཔོན་ལ་བདམས་ཐོན་བྱུང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཞི་པའི་ལས་འཛིན་དཔོན་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཞི་པའི་ལས་འཛིན་ས་ལུང་ཕུན་ལགས་སྐབས་བརྗེའི་ཚོགས་འདུར་ཞུགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ལས་འཛིན་དཔོན་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ལེ་ཀུའེ་ལུང་ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ལས་འཛིན་དཔོན་གཞོན་པར་བདམས་ཐོན་བྱུང་བ་རེད།

    ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ཏེ་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཞི་པའི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་ཞིང་། ཁོང་གིས། ལོ་8རིང་ཐེབས་རྩ་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཞི་པས་སྒོར་དུང་ཕྱུར་4.9རི་བའི་དངུལ་དང་དངོས་པོ་ཞལ་འདེབས་རག་པའི་བརྩོན་ལེན་ཧུར་ཐག་བྱས་ནས་བདེ་ཐང་གི་བོད་ལྗོངས་དང་། འཕེལ་རྒྱས་ཀྱི་བོད་ལྗོངས། ཞི་མཐུན་གྱི་བོད་ལྗོངས་བཅས་བོད་ཀྱི་སྤུས་རྟགས་ཆེན་པོ་གསུམ་གྱི་སྤྱི་ཕན་རྣམ་གྲངས་200ལྷག་ཙམ་ལག་བསྟར་བྱས་ཏེ་ལྗོངས་ཡོངས་ཀྱི་སྨན་བཅོས་དང་། སློབ་གསོ། ལུས་རྩལ། རིག་གནས། གྲོང་གསེབ་དར་རྒྱས་སོགས་ཀྱི་བྱ་གཞག་ལ་སྤྱི་ཚོགས་ཀྱི་ནུས་པ་གཅིག་ཏུ་འདུས་ཡོད་ལ་སྤྱི་དམངས་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་པ་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལས་འཛིན་དཔོན་གྱི་འགན་བསྟུད་མར་བཞེས་རྗེས་གསུང་བཤད་གནང་བ་དང་། སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དུས་ཡུན་རིང་པོའི་ནང་ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། ལོ་མང་རིང་ཐེབས་རྩ་ལྷན་ཚོགས་ཀྱི་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ལ་སེར་སྣ་མེད་པར་ཞལ་འདེབས་འབུལ་མཁན་གཅེས་སེམས་ཁེ་ལས་དང་བྱ་གཞག་ཚན་པ་དང་། གཅེས་སེམས་མི་སྒེར་དང་། ཐེབས་རྩ་ལྷན་ཚོགས་ཀྱི་སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བོད་ཀྱི་ལེའུ་རྩོམ་རིང་། འགན་འཁྲི་གསར་པ་ཕྲག་ཏུ་ཁུར་ནས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་དང་དཀའ་ངལ་སེམས་ལ་བཅངས་ནས། སྤྱི་ཕན་དགེ་སྒྲུབ་ཀྱི་ལས་དོན་དེ་བས་གནད་སྨིན་དང་ནུས་ལྡན་ངང་སྤེལ་ཏེ་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ལེགས་པ་འདོན་པ་དང་། སྤྱི་ཚོགས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་སྒྲིལ་བ། ཤེས་དཔལ་དར་སྲོལ་ལ་ཁྲིད་སྟོན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་བཅས་བྱེད་རྒྱུ་དང་། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་གསར་འབྱེད་ཡར་བརྩོན་བྱེད་རིང་ཐེབས་རྩ་ལྷན་ཚོགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། བཅའ་ཁྲིམས་ལ་བརྩི་འཇོག་དང་སྲོལ་རྒྱུན་རྒྱུན་མཐུད་པའི་རྨང་གཞིའི་ཐོག་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ཏེ་ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་གྱི་དོན་དངོས་དང་མཐུན་པའི་ཐབས་ལམ་དང་། བྱེད་ཐབས། ལམ་སྲོལ་བཅས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྤྱི་ཕན་དགེ་སྒྲུབ་ལས་དོན་གྱི་ཁྱབ་ཁྱོན་དང་། གནད་དུ་འཁེལ་ཚད། དངོས་ཕན་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མཐུན་སྒྲིལ་འབད་འཐབ་བྱེད་རིང་ཐེབས་རྩ་ལྷན་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ནས། ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་ལྷོད་མེད་འབད་བརྩོན་དང་། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་བརྟན་བགྲོད་རྒྱང་འཁྱོལ། ཆེད་ལས་ཀྱི་ལས་ཕྱོད་ཐད་ཤུགས་སྣོན་རྒྱག་པ་བཅས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཚོགས་འདུའི་རིང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཐེབས་རྩ་ལྷན་ཚོགས་ཀྱི་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ལ་ཞལ་འདེབས་སྒོར་ཁྲི་50ཕུལ་བ་དང་འབྲེལ། ཐེབས་རྩ་ལྷན་ཚོགས་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ལ་ཞལ་འདེབས་སྒོར་ཁྲི་340.5རྒྱག་རྒྱུའི་གྲོས་འགོ་ཧུར་ཐག་བཏོན་པ་དང་དཔེ་སྟོན་སྣེ་ཁྲིད་གནང་ནས་སྤྱི་ཕན་གྱི་འགན་འཁྲི་འཁུར་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པར་མིག་དཔེ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།