དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སློབ་ཆུང་སློབ་མར་ལག་རྩེད་སྤོ་ལོའི་ཤེས་བྱ་སློབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-01

    དུས་རབས་གསར་པར་ཏང་གི་ཡང་དག་པའི་སློབ་གསོའི་མཛད་ཕྱོགས་སྲིད་ཇུས་བཟང་པོའི་ཉིན་བྱེད་ལྷག་པར་འཚེར་བའི་དྲོ་སྐྱིད་ཀྱིས། གངས་ལྗོངས་ས་མཐོའི་ཡུལ་གྲུ་ཀུན་དུ་ན་ཆུང་བྱིས་པས་དཔེ་ཁུག་རྒྱབ་ཏུ་ཁུར་ནས་ཤེས་རིག་གི་བདུད་རྩི་གང་འདོད་ལོངས་སུ་སྤྱོད་པའི་དཔྱིད་དཔལ་བཞད་པར། བསྔགས་བརྗོད་ཀྱི་མེ་ཏོག་མི་གཏོར་མཁན་གྱི་མགོ་ནག་སྐྱེ་བོ་སུ་ཡང་མེད། འོན་ཏེ་སློབ་གསོའི་གཞི་རྩའི་ལས་འགན་ནི་སུའི་ཆེད་དུ་མི་སྣ་གསོ་སྐྱོང་དང་མི་སྣ་ཇི་ལྟ་བུ་ཞིག་གསོ་སྐྱོང་བྱེད་མིན་དེ་ཡིན་པ་དང་། ཚད་ལྡན་གྱི་མི་སྣ་གསོ་སྐྱོང་བྱེད་པར་གཟུགས་གཞི་བདེ་ཐང་ནི་མེད་དུ་མི་རུང་བ་ཡིན་པ་གང་ཞིག སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་ཡང་ནམ་ཡིན་རུང་ཉམས་མྱོང་གསོག་འཇོག་དང་གསར་གཏོད་འཚོལ་ཞིབ་གཉིས་དང་ཁ་བྲལ་དུ་མེད་པ་ཞིག་ཡིན་གཤིས། སྐབས་དོན་སློབ་ཆུང་སློབ་མར་ལག་རྩེད་སྤོ་ལོའི་ཤེས་བྱ་ཁྲིད་སྟོན་བྱ་རྒྱུའི་སྐོར་ཅུང་ཟད་འཆད་པ་ལ།

    གཅིག ལུས་རྩལ་སློབ་ཁྲིད་ཀྱི་དམིགས་ཡུལ་དང་ལག་རྩེད་སྤོ་ལོའི་སློབ་ཁྲིད།

    སློབ་ཁྲིད་ཀྱི་བརྗོད་བྱ་ཅི་འདྲ་ཞིག་ཡིན་རུང་། བསམ་བློ་གསོ་སྐྱོང་དང་ནུས་རྩལ་སྐྱེད་སྲིང་སོགས་ལ་དམིགས་ནས་འཁྲིད་བྱའི་ཤེས་བྱ་གང་དེ་གང་ལ་དེ་འཚམས་སུ་སློབ་མར་བརྒྱུད་སྤྲོད་བྱ་རྒྱུ་དེ་སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ཡིན་ཟེར་ཆོག་ཅིང་། སློབ་ཁྲིད་ཀྱི་དམིགས་ཡུལ་ལ་སྤྱིར་སྐབས་ཕྲལ་གྱི་དམིགས་ཚད་དང་རྒྱང་རིང་གི་དམིགས་ཚད་གཉིས་ཡོད། སློབ་ཁྲིད་ཀྱི་ཐབས་ལམ་ལ་ལས་སྐབས་ཕྲལ་ཤེས་བྱ་བརྒྱུད་སྤྲོད་ཀྱི་དམིགས་ཡུལ་འགྲུབ་སྲིད་ཀྱང་། ཕུགས་སུ་སློབ་མར་ཕན་ཐོགས་པའི་ངེས་པ་མེད། ལུས་རྩལ་སློབ་ཁྲིད་ཀྱང་དེ་ལྟར་ལགས། སྲོལ་རྒྱུན་གྱི་ལུས་རྩལ་སློབ་ཁྲིད་ཕལ་མོ་ཆེ་ནི་སློབ་མར་རུ་སྟར་སྒྲིག་སྟངས་སྦྱོང་བརྡར་དང་རྐྱོང་སྐུམ་འཐེན་སྟངས་སོགས་ཀྱི་ལུས་སྦྱོང་གཙོ་བོར་འཇོག་གི་ཡོད། མ་གཞི་དེ་རིགས་ལུས་རྩལ་སློབ་ཁྲིད་ཀྱི་བརྗོད་བྱ་གལ་ཆེན་ཞིག་ཡིན་ནའང་། དེ་རིགས་ལ་སྐྱོན་ཆ་ཆེན་པོ་ཞིག་ཡོད་པ་ནི་ལུས་རྩལ་སློབ་ཁྲིད་ཀྱི་རྒྱང་རིང་གི་དམིགས་ཚད་མངོན་གྱུར་དཀའ་བ་ཡིན། ལུས་རྩལ་སློབ་ཁྲིད་ཀྱི་རྒྱང་རིང་གི་དམིགས་ཚད་ནི་སློབ་མས་ལུས་སྦྱོང་ལ་དགའ་པོ་དང་ལུས་རྩལ་སྦྱོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་འདུ་ཤེས་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པས། སློབ་ཆུང་སློབ་མར་ལག་རྩེད་སྤོ་ལོའི་སྐོར་གྱི་སློབ་ཁྲིད་ཡང་ཡང་བགྱིས་ཏེ་སློབ་མར་ལག་རྩེད་སྤོ་ལོ་རྩེ་བའི་གོ་སྐབས་མང་ཙམ་སྤྲད་ཚེ། སློབ་མས་ལུས་རྩལ་བྱེ་བྲག་པ་ཞིག་ལ་དགའ་པོ་བྱས་ནས་ཚེ་གང་རིང་ལུས་སྦྱོང་རྒྱུན་འཁྱོངས་ཐུབ་རྒྱུའི་འདུན་པ་སྐྱེད་སྲིང་ཐུབ་ཅིང་། དེ་ལས་ལུས་རྩལ་སློབ་ཁྲིད་ཀྱི་གཞི་རྩའི་དམིགས་ཡུལ་མངོན་འགྱུར་ཐུབ་པར་ངེས། ལག་རྩེད་སྤོ་ལོའི་སློབ་ཁྲིད་ཀྱིས་སློབ་ཆུང་སློབ་མར་ཚེ་གང་ལུས་སྦྱོང་ལ་དགའ་བའི་འདུན་པ་སྐྱེད་སྲིང་ཐུབ་ཅེས་བརྗོད་པར་རྒྱུ་མཚན་ཡོད་དེ། སློབ་ཆུང་སློབ་མའི་ངོས་ནས་བརྗོད་ན་ཆེད་ལས་རང་བཞིན་གྱི་ལུས་རྩལ་རྣམ་གྲངས་སྣ་ཚོགས་ཀྱི་ཁྲོད་ནས་ལག་རྩེད་སྤོ་ལོ་འདི་བཞིན་དང་ལེན་བྱེད་བདེ་བ་ཞིག་ཡིན་ལ། སྤྱིར་ན་ཆུང་བྱིས་པ་ཕལ་ཆེར་སྤོ་ལོའི་རིགས་ཀྱི་རྩེད་མོར་དགའ་རྐྱེན། དམིགས་བསལ་གྱི་ཕན་འབྲས་ཐོན་ནུས། དེས་ན་འུ་ཅག་གིས་ཅིས་ཀྱང་ལག་རྩེད་སྤོ་ལོའི་སློབ་ཁྲིད་ལ་སྣང་ཆེན་བྱེད་དགོས་པར་སེམས་སོ།

    གཉིས། ལག་རྩེད་སྤོ་ལོའི་སློབ་ཁྲིད་དངོས་ཀྱི་ཞན་ཆ་དང་སྐྱོན་སེལ།

    ན་ཆུང་སློབ་མར་ལག་རྩེད་སྤོ་ལོའི་སློབ་ཁྲིད་བྱེད་པར་སྣང་ཆེན་བགྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་ཚད་ལྡན་ཞིག་གསོ་སྐྱོང་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད་ནའང་། གཅིག་ནས་ལུས་རྩལ་སློབ་ཁྲིད་མཁན་གྱིས་དེའི་ཐད་འདུ་ཤེས་འཛིན་སྟངས་ཏག་ཏག་བསྡད་མེད་པ་དང་། གཉིས་ནས་སློབ་གྲྭ་ལ་ལའི་ལུས་རྩལ་སློབ་ཁྲིད་ལ་ཉེ་བར་མཁོ་བའི་སྒྲིག་ཆས་སོགས་མཐུན་རྐྱེན་འཛོམས་པོ་མེད་པ་སོགས་ཀྱིས། ལག་རྩེད་སྤོ་ལོའི་སློབ་ཁྲིད་ལ་སྣང་ཆུང་ཤོར་མུས་ཡིན། དཔེར་ན། ལུས་རྩལ་དགེ་རྒན་མི་ཉུང་བས་ལག་རྩེད་སྤོ་ལོ་ཇི་ཡོད་ལུས་རྩལ་ཐང་དུ་དབོར་རྗེས། སློབ་མ་རྣམས་ལ་རང་དགར་རྩེ་རུ་འཇུག་པ་ལས་ཁྲིད་སྟོན་རྩ་བ་ནས་མི་བྱེད་པའི་སྣང་ཚུལ་ལྡན་པ་ལྟ་བུའོ། དོན་དངོས་ཐོག་ལག་རྩེད་སྤོ་ལོ་རྩེ་བའི་ཐད་སློབ་མར་ཡང་དག་པའི་ཁྲིད་སྟོན་བྱེད་པའི་ནང་དོན་ཤིན་ཏུ་མང་པོ་ཡོད་དེ། དཔེར་ན། སྤོ་ལོ་རྡེབ་སྟངས་དང་། སྤོ་ལོ་འཁྲིད་སྟངས། སྤོ་ལོ་དབྱུག་སྟངས་སོགས་སོ། མ་གཞི་སློབ་མའི་ན་ཚོད་ཆུང་ཆུང་ཡིན་ན་ཡང་སྤོ་ལོ་རྩེ་སྟངས་ཐད་ཡང་དག་པའི་ཁྲིད་སྟོན་ཐུབ་ཚེ། རིམ་གྱིས་སློབ་མས་ཚེ་གང་རིང་ལུས་རྩལ་རྣམ་གྲངས་དེ་ལ་དགའ་པོ་བྱེད་པའི་འདུན་པ་སྐྱེད་སྲིང་ཐུབ་ལ། མཐར་ཐུག་སློབ་མས་ལུས་སྦྱོང་ལ་དགའ་པོ་བྱས་ཏེ་ཚད་གཞི་ལོན་པའི་ཀྲུང་གོའི་སྤྱི་དམངས་ཡག་པོ་ཞིག་ཆགས་པའི་ལམ་བུར་བསྐྱོད་ཐུབ་པར་ངེས།

    མདོར་ན། གཟུགས་གཞི་བདེ་ཐང་ཡོང་བ་ནི་སྐྱེ་བོ་ཚང་མར་མཆིས་པའི་གཅིག་མཐུན་གྱི་ཐུགས་འདུན་ཞིག་ཡིན་ནའང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲན་རྩོད་ཤུགས་ཆེ་བ་དང་། སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྕི་དྲགས་པ། ཁྱིམ་བདག་གིས་ལུས་སྦྱོང་དང་གཟུགས་གཞི་བདེ་ཐང་གི་འབྲེལ་བའི་དབར་ལ་ངོས་འཛིན་ལེགས་པོ་མེད་པ་སོགས་རྐྱེན་དུ་མའི་དབང་གིས། སློབ་སྦྱོང་དང་། ཀུན་སྤྱོད། གཟུགས་གཞི་སོགས་ཁྱོན་ཡོངས་ཀྱི་སློབ་གསོར་སྣང་ཆུང་ཤོར་འགྲོ་བ་དང་། ལུས་རྩལ་སློབ་གསོའི་ཐད་ལའང་རྨང་གཞིར་གྱུར་པའི་ལུས་རྩལ་ཁོ་ན་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བཞག་ནས། མིག་རྒྱང་རིང་བའི་སློབ་ཁྲིད་མ་ཐུབ་པ་ནི་ཡིད་ཕངས་དགོས་པ་ཞིག་ཡིན་པར་སེམས་པས། ལུས་རྩལ་སློབ་ཁྲིད་ཁྲོད་སློབ་ཆུང་གི་སྐབས་ནས་ལག་རྩེད་སྤོ་ལོ་ལ་སོགས་པའི་ཆེད་ལས་ལུས་རྩལ་རིགས་ཀྱི་སློབ་ཁྲིད་ལ་སྣང་ཆེན་བྱ་རྒྱུ་གལ་འགངས་ཆེ་བའོ། །

    (ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལུས་རྩལ་དགེ་རྒན་ལྷག་སྒྲོན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།