འཆར་ཡན་གྱི་ཁྲམ་གླུ།
ཕ་གིའི་ཟླ་དཀར་འཛུམ་པའི་མཚོ་འགྲམ་ན། །
ས་འཛིན་མཐོན་པོ་གན་ཟིག་ཨེ་མཐོང་གི །
མཚོ་མོའི་རྦ་རླབས་འཕྱོ་བ་ཨེ་རེག་གི །
དྲི་བཞོན་དལ་གྱིས་རྒྱུ་བ་ཨེ་ཚོར་གི །
ཕ་རོལ་ཟླ་བ་འཛུམ་པའི་དགོད་འཛུམ་དེ། །
བརྩེ་གྲོགས་བྱམས་པའི་དཀར་གསལ་ཞལ་རས་ཡིན། །
ཞལ་རས་ཆུ་ཤེལ་དབང་པོའི་གཟུགས་བརྙན་རེད། །
ཨ་རོགས་ན་མཉམ་ཁྱེད་ཚོས་ཨེ་ཤེས་སམ། །
ས་འཛིན་མཐོན་པོ་དགུང་ལ་ཟུག་འདྲ་བ། །
རྒྱང་ལྟ་བྱས་ན་རི་རྩེར་སྨུག་པ་འཁོར། །
ཉེ་ནས་གཟིགས་ན་ཡིད་ཀྱི་བརྟན་པ་འཕྲོག །
མ་འོངས་ང་དང་ཆུང་མའི་གནས་མལ་ཡིན། །
གྲུ་ཁར་མཛའ་མོ་སྒུག་པའི་ཨ་ཇོ་ཡིས། །
སྙན་ངག་གླུ་རུ་གྱེར་བ་ཨེ་ཐོས་ལགས། །
སེམས་མཐུན་དགའ་ལོ་དྲན་པའི་གླུ་ཆུང་དེ། །
གྲུ་ཁའི་འགྲམ་ནས་ལེན་པ་ཨེ་ཐོས་སམ། །
ཆུ་འཛིན་དཀར་པོ་ནུབ་རི་བརྒལ་མཚམས་སུ། །
ནུབ་ཁའི་ཉི་མས་རྒྱང་ལྟ་ལན་གཅིག་བྱས། །
སྐད་གསང་མཐོན་པོས་དགའ་མ་བོས་པ་ན། །
རི་ལ་བྲག་ཅ་འཁོར་བ་ཨེ་གོ་ལགས། །