དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྐྲག་སྣང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བུ་ཚེ་རིང་རྒན་པ།   |     སྤེལ་དུས།  2023-10-29

    སྐྲག་སྣང་ནི་སྐྱེས་ནས་མ་འཆི་བར་དུ་རྣམ་ཤེས་ལ་བརྒྱབ་པའི་ལྷན་པ་ཞིག་ཡིན་ཚོད་འདུག ལྷན་པ་དེ་ནི་ཡལ་བར་དཀའ་བའི་སེམས་ཀྱི་སྨག་རུམ་དེ་ཡིན་པས། མུན་ཁྲོད་ལ་འཚོ་བའི་སྲོག་ཆགས་དེ་དག མིག་འབྲས་ཤོར་བའི་ལོང་བ་བཞིན་དུ། མི་ཡུལ་གྱི་འཚོ་བའི་ཞིང་ཁམས་སུ་ལྷིང་འཇགས་ངང་ལ་གནས་པའི་དུས་ཤིག་ཡོད་ཚོད་མི་འདུག

    གཅིག

    མི་ཡུལ་འདི་རུ་སླེབས་ནས་ཐོག་མར་གོམ་པ་སྤོ་སྐབས་སུ་ང་རང་ཁ་བརྡབ་རྒྱུར་སྐྲག་གི་ཡོད་ལ། ཁ་བརྡབས་ནས་རྨས་སྐྱོན་ཕོག་རྒྱུར་དེ་བས་སྐྲག དེས་རྐྱེན་པས་ངས་རང་ཉིད་ཁ་མི་བརྡབ་པའི་ཆེད་དུ། རང་གི་ལག་ཆུང་གཉིས་པོས་ཨ་ཕ་ཨ་མ་དང་གཡས་གཡོན་གྱི་མི། དེ་བཞིན་གྱང་དང་སྒྲོག་ཙེ་རྐུབ་སྟེགས་དང་། མལ་ཁྲི་ཀ་བ་སོགས་ལ་དམ་པོར་འཇུས་ཏེ། རང་གི་གཟུགས་པོ་བརྟན་པོ་ཞིག་ཚུགས་ཐབས་བྱེད་ཀྱི་ཡོད་ལ། རང་གི་རྐང་པ་བརྟན་པོར་ཚུགས་རྗེས་རྐང་ཆུང་གཉིས་པོས་གོམ་ཆུང་རེ་རེ་ག་ལེར་མདུན་དུ་སྤོ་ཡི་ཡོད། ཆུང་དུས་སུ་དམར་ཆུང་སེམས་པ་སྨག་རུམ་མུན་པར་ཤིན་ཏུ་སྐྲག མུན་རུབ་རྗེས་འཇིགས་སྐྲག་ཆེ་བའི་ལྷ་འདྲེ་དང་། ལག་དཀར་སྤུ་སུད་དང་སྤོ་བོ་སྙིང་དཀར(དེ་དག་ནི་ཆུང་དུས་སུ་ཕ་མ་དང་རྒན་རབས་ཚོས་ང་ཚོར་སྐྲག་སྣང་སྐུལ་བྱེད་དེ། ཕྲུ་གུ་ཁྱུར་མིད་གཏོང་མཁན་གྱི་གདོན་འདྲེ་རེད)གྱིས་ང་རང་ཁྱུར་མིད་གཏོང་བར་སྐྲག་གིན་ཡོད། དེས་རྐྱེན་པས་མུན་པ་མ་རུབ་གོང་ང་རང་འཚབ་འཚུབ་སྒོས་ཕྱི་ལོགས་ཀྱི་རྩེད་ར་ནས་བྲལ་ཏེ། མགྱོགས་པོ་རང་ཁྱིམ་ལ་ལོག་གི་ཡོད། མུན་རུབ་རྗེས་ང་རང་གང་བྱུང་དུ་ཁང་པའི་ཕྱི་ལ་འགྲོ་ཕོད་ཀྱི་མེད། གལ་སྲིད་མ་ཉལ་གོང་ལ་ཕྱི་རུ་གཅིན་པ་གཏོང་བར་འགྲོ་དགོས་དུས། ངས་མཐེ་བོང་ཀེར་ནས་པ་ཕ་ཨ་མར་རོགས་པ་གནང་རྒྱུའི་ཞུ་འབུལ་བྱེད་ཅིང་། མཚན་མོ་ཉལ་དུས་ཀྱང་མལ་སའི་གཏིང་ལ་འཛུལ་ནས་གཉིད་ཁུག་ཐབས་བྱེད་ཀྱི་ཡོད།

    གཉིས།

    སློབ་ཆུང་འགྲིམ་སྐབས་སུ་ང་རང་ཆེས་སྐྲག་ས་ནི་ང་ཚོའི་རྒན་ལགས་རེད། རྒན་ལགས་ཁོང་ནི་སྒམ་ནན་ཅན་ཞིག་རེད། སློབ་ཁྲིད་སྐབས་སུ་ཁ་གཡེང་མིག་གཡེང་བྱས་ཚེ། རྒན་ལགས་ཀྱིས་སྐད་ཤུགས་ཆེན་པོས་གཤེ་གཤེ་གཏོང་ངེས་ཤིང་། སྦྱོང་གཞི་དུས་ཐོག་ཏུ་མ་བྲིས་པ་དང་སློབ་གྲྭར་ཕྱི་འབྱོར་བྱེད་པའམ། སློབ་ཁྲིད་བྱས་པ་རྣམས་མ་ཤེས་པའམ་ཡིད་ལ་མ་ངེས་ཚེ། རྒན་ལགས་ཀྱིས་ཁོང་ཁྲོ་ཆེན་པོས་མགོ་བོར་ཁྲིད་རྒྱུག་གཞུ་བ་མ་ཟད། ཁྲིད་སྟེགས་ཀྱི་ཟུར་དུ་ལངས་སུ་འཇུག་པའམ་ཡང་ན་སློབ་ཁང་གི་ཕྱི་རུ་འབུད་ངེས་པས། སློབ་ཁྲིད་སྐབས་ཨམ་ཅོག་ཀྲོང་ཀྲོང་དང་མིག་ཧྲིག་ཧྲིག་གིས་རྒན་ལགས་ཀྱི་སློབ་ཁྲིད་ལ་ཉན་གྱི་ཡོད། རྒན་ལགས་ནས་སློབ་ཁྲིད་བྱས་པའི་ནང་དོན་ཤེས་མིན་སྐད་ཆ་འདྲི་དུས། དོན་དུ་ཡག་པོ་ཞིག་མི་ཤེས་ཀྱང་ངས་ཤེས་ཚུལ་གྱིས་མགོ་བོ་ལྕོག་ལྕོག་དང་། སློབ་གྲྭ་གྲོལ་ནས་རང་ཁྱིམ་དུ་འབྱོར་རྗེས། རང་འགན་གྱི་སྦྱོང་གཞི་ཁག་དུས་ཐོག་ཏུ་ལེགས་གྲུབ་བྱེད་ཅིང་། ཞོགས་ལྟར་སྔ་པོར་ལངས་ནས་ཁ་བཀྲུ་ལག་བཤལ་བྱས་རྗེས། གང་མྱུར་སློབ་གྲྭར་སོང་ནས་རྗེས་ལུས་མི་ཐེབས་པ་དང་། ནམ་རྒྱུན་སློབ་གྲྭའི་ཕྱི་ནང་གཉིས་སུ་རྒན་ལགས་དང་མཇལ་དུས། ངས་ལྕེ་སྣར་སྣར་དང་མགོ་བོར་འཕུར་འཕུར་གྱིས་རྒན་ལགས་ལ་ཁམས་བདེའི་འཚམས་འདྲི་ཞུ་གི་ཡོད། རྒན་ལགས་ལ་སྐྲག་པའི་དབང་གིས། ངས་སྣབས་ལུད་གཙང་མར་ཕྱིས་ཤིང་། སློབ་ཁང་གི་ཕྱི་ནང་གཉིས་སུ་གཙང་སྦྲ་བྱེད་ཀྱིན་ཡོད་ལ། རྩེད་མོར་དགའ་བའི་བྱིས་པའི་རང་གཤིས་དོར་ཏེ། མི་རྒན་བཞིན་དུ་རང་ཚུགས་མ་ཤོར་བ་བྱེད་ཀྱིན་ཡོད།

    གསུམ།

    དར་མའི་དུས་ནི་རྒོད་པོ་བཞིན་དུ་ནམ་འཕང་གཅོད་པའི་དུས་ལ་བབས་པས། ཕ་ཡུལ་གྱི་ཕ་མ་སྤུན་མཆེད་དང་བྲལ་ནས་གཞན་ཡུལ་འགྲིམ་དུས། ངས་ཆ་མེད་ཀྱི་མི་དང་རྒྱུས་མེད་ཀྱི་ཡུལ་ལུང་དུ། ལམ་ནོར་ཐེབས་རྒྱུར་སྐྲག་གིན་ཡོད་ལ། སྐྱེལ་མ་དང་བསུ་མ་མེད་པའི་གཞན་ཡུལ་དུ། ཁེར་རྐྱང་དང་སྡུག་ཡུས་ཁྲོད་དུ་ཉིན་ནས་ཟླ་བ་དང་། ཟླ་བ་ནས་ལོ་རེ་རེ་བཞིན་དུ་སྐྱེལ་དུས། ཐག་རིང་ཕ་ཡུལ་དུ་ལུས་པའི་དྲིན་ཅན་གྱི་ཕ་མ། སྟོན་དུས་ཀྱི་ཤིང་ལོ་དང་དགུན་དུས་ཀྱི་མེ་ཏོག་བཞིན་དུ་རྙིད་དེ། འཇིག་རྟེན་ལས་བྲལ་བའི་ཐག་རིང་གི་གནས་ཤིག་ཏུ། རྨི་ལམ་དང་འཇའ་ཚོན་བཞིན་དུ་ཡལ་རྒྱུར་སྐྲག དེས་རྐྱེན་པས་ངོ་ཤེས་པ་གནམ་ས་གཉིས་ལས་མེད་པའི་གཞན་ཡུལ་དུ། ངས་ཁེར་གདུང་དང་སྐྱོ་སྣང་སེམས་ཁོང་དུ་སྦས་ཤིང་། འགྲོ་ཝ་མོ་ལས་མཁས་པ་དང་སྡོད་རི་བོང་ལས་ཙོག་པའི་ངང་དུ། འཚོ་ཐབས་དང་གཞན་ལ་བསྟུན་ཐབས་བྱེད་ཀྱིན་ཡོད་ལ། དྲན་སེམས་ཀྱི་མཁའ་དབྱིངས་ལས་ལྷུང་བའི་སྤྲིན་གྱི་མེ་ཏོག་ལྟ་བུའི་ཡིག་ཆུང་མང་པོ། ཐག་རིང་ཕ་ཡུལ་གྱི་ཕྱོགས་སུ་སྤྲིངས་ནས། ཕ་ཡུལ་ནས་འབྱོར་བའི་རྒྱ་ཤོག་དཀར་པོའི་ཡིག་ལན་ལས། རྣ་བའི་བུ་རམ་དང་ཡིད་ཀྱི་བདུད་རྩི་འདྲ་བའི་ཡབ་ཡུམ་གྱི་གསུང་གཏམ་ཐོས་ཐབས་བྱེད་ཀྱིན་ཡོད། ཕ་ཡུལ་དང་བྲལ་རྗེས། ང་ནི་གཤོག་པ་ཆད་པའི་བྱིའུ་ཆུང་ཞིག་དང་འདྲ་ལ། ཁ་ཕྱོགས་དང་བྲལ་བའི་རླུང་ཁའི་བྱ་སྒྲོ་ཞིག་དང་མཚུངས་པས། རང་གི་འབྱུང་འགྱུར་གྱི་ལས་དབང་ལ་སེམས་ཁྲལ་དང་སྐྲག་སྣང་ཞིག་སྐྱེས་འོང་།

    བཞི།

    ལང་ཚོ་རིམ་བཞིན་སྨིན་ནས་ལོ་ཚོད་ཀྱང་རིམ་བཞིན་ཇེ་ཆེར་སོང་། ལོ་ཚོད་དང་བསྟུན་ནས་འཇིག་རྟེན་འགྲོ་ལུགས་བཞིན་གཉེན་སྒྲིག་བྱས་ཏེ་རང་གི་ཁྱིམ་གཞིས་བཙུགས་ནས། ཀྱག་ཀྱོག་འབར་འབུར་གྱི་འཚོ་བའི་གྲུ་ཟུར་རེ་རེ་འགྲིམ་དུས། བཟའ་མི་བུ་ཕྲུག་ནི་སེམས་ལ་འཁོར་ཞིང་ཡལ་དུ་མེད་པའི་གྲིབ་གཟུགས་ཤིག་ཡིན་པས། བཟའ་མི་བུ་ཕྲུག་གི་བདེ་ཐང་དང་འཚོ་གནས་ལ་རང་བཞིན་དུ་སེམས་ཁྲལ་ཅིག་དང་། བསམ་ཚོད་ལས་འདས་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་དབང་གིས། འཕོ་འགྱུར་ཆེ་བའི་སྤྱི་ཚོགས་ཀྱི་རྗེས་སུ་ལུས་རྒྱུར་སྐྲག་སྣང་ཞིག་ཡོང་གིན་འདུག རྨི་ལམ་དང་འདྲ་བའི་འཇིག་རྟེན་འདི་ཡི་ཐོག་ཏུ། མི་ཚེ་དང་ཚེ་སྲོག་ཅེས་པ་ནི་སྒྱུ་མ་མཁན་གྱི་མིག་འཕྲུལ་ཅིག་དང་ཡོངས་སུ་མཚུངས་ཤིང་། ལང་ཚོ་དང་ཚེ་སྲོག་གཉིས་ཀྱང་ཆུ་བུར་རམ་འབྲུག་སྒྲ་དང་འདྲ། དེས་རྐྱེན་པས་ངས་རང་ཉིད་ཀྱི་ལང་ཚོ་མཁའ་མཐའི་འཇའ་ཚོན་དང་། རང་གི་ཚེ་སྲོག་ཆུ་ཡི་ཝུ་བ་བཞིན་དུ་ཡལ་རྒྱུར་སྐྲག དེས་རྐྱེན་པས་ངས་མི་ཡུལ་གྱི་ལམ་བུར་གོམ་འགྲོས་རེ་རེ་བརྟན་པོའི་ངང་ནས་སྤོ་བཞིན་ཡོད་ལ། འཚོ་བའི་ཁྲོད་ཀྱི་ཉི་མ་རེ་རེ་ཆུད་ཟོས་མེད་པར་འབད་འབད་འབུངས་འབུངས་ཀྱིས། རང་གི་ཉག་ཕྲ་བའི་མི་ཚེའི་རིན་ཐང་མངོན་ཐབས་བྱེད་ཀྱིན་ཡོད། ལོ་ཚོད་ནི་བར་མེད་མདུན་དུ་བཅར་བའི་དགོང་ཁའི་གྲིབ་སོ་དེ་ཡིན་པས། ན་ཚོད་སྨིན་ནས་ཐོད་གཉེར་དང་སྐྲ་དཀར་གྱིས་བརྒྱན་དུས། སེམས་ངོས་སུ་རང་བཞིན་དུ་གསལ་བ་ནི། རྒྱབ་ཏུ་ལུས་པའི་རྐང་རྗེས་ཀྱི་རིན་ཐང་དང་། མདུན་དུ་འཆར་བའི་མི་ཚེའི་རིང་ཐུང་དང་རིན་ཐང་དེ་ཡིན་དུས། ལ་ཁའི་ཉི་མ་དང་འདྲ་བའི་རང་གི་མི་ཚེར་སེམས་ཁྲལ་དང་སྐྲག་སྣང་ཞིག མ་བསམ་བཞིན་དུ་ཡིད་ཀྱི་རྒྱ་མཚོར་ཆུ་རིས་བཞིན་འཁྲིགས།

    ལྔ།

    ན་ཚོད་འདི་གྲིབ་སོ་བཞིན་དུ་བར་མེད་ཚུར་ལ་བཅར་ཞིང་། ལང་ཚོ་དེ་གསེར་ལོ་བཞིན་དུ་རིམ་གྱིས་ལྷུང་ནས་རླུང་བུས་རྒྱང་ལ་དེད་དུས། སེམས་ཀྱི་གཞི་རུ་སྐྲག་སྣང་ཞིག་ཐལ་རླུང་བཞིན་དུ་འཚུབ་འོང་། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ལས་མ་འདས་གཤིས། ཕ་ཡུལ་རྒྱང་ཐག་ཇེ་རིང་དུ་འགྲོ་ལ། དྲིན་ཅན་གྱི་ཡབ་ཡུམ་རྨི་ལམ་བཞིན་དུ་མི་ཡུལ་འདི་ནས་ཆ་མེད་དུ་ཡལ་ཟིན་དུས། བརྒྱུད་མྱོང་བའི་ཀྱག་ཀྱོག་མི་ཚེའི་ལམ་བུར་ཕྱིར་བལྟས་ཤིག་སློག་སྐབས། མིག་ལམ་ལས་ཡལ་བཞིན་པ་ནི། ཆུང་དུས་ཀྱི་རྩེད་ར་དང་རྩྭ་ཐང་ཁོ་ན་ཙམ་མ་རེད་ལ། ལང་ཚོའི་གཟི་བྱིན་དང་མེ་ཏོག་གི་མཚར་སྡུག་ཁོ་ན་ཡང་མ་རེད། མི་ཚེ་འདིའི་རིང་ཐུང་དང་ཚེ་སྲོག་འདིའི་རིན་ཐང་ལ་བསམ་དུས། སྐྲག་སྣང་ཐམས་ཅད་ཐོབ་པར་འདོད་ཅིང་ཤོར་བར་དོགས་པའི་བྱ་དངོས་ཁོ་ནར་འདུག་པས། ན་ཚོད་འདི་ལ་སླེབས་དུས། ཕང་སེམས་དང་བཅས་པའི་སྐྲག་སྣང་གི་ཁྲོད་དུ། སྟོན་གྱི་མེ་ཏོག་ལ་འཁོར་བའི་སྦྲང་མ་འདྲ་བའི་སྣང་བ་བན་བུན་འདི། རྣམ་ཤེས་ཁེར་མར་འགྲོགས་ནས་གང་དུ་འཕུར་བཞིན་ཡོད་དམ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།