ཞི་བའི་དབྱངས་རྟ།
ཞི་བའི་འཇིག་རྟེན་དེར་རི་མོས་ཁ་དོག་བྲིས་ནས། །
སྣང་བའི་དབྱངས་འགྲོས་ལ་ཚིག་གི་ཕྲ་རྒྱན་བཏབ་ན། །
ཡུན་ཐུང་མི་ཚེ་ཡི་ལང་ཚོ་རང་གིས་མཐོང་ཡོང་། །
དགའ་སྐྱོ་སྣ་ཚོགས་ཀྱི་ཚོར་བ་སེམས་སུ་བཞད་ངེས། །
ཚེ་རབས་ལས་སྐལ་གྱི་འདུན་པ་གཅིག་ཏུ་གཏད་ནས། །
ཡིད་མཐུན་ཞེ་འདྲེས་ཀྱི་དུང་སེམས་ཁྱོད་ལ་འཁོར་བས། །
བས་མཐའི་ནགས་ཀློང་ནས་དྲན་གདུང་ཡང་ཡང་ལེན་དོན། །
ལས་འཕྲོའི་མཇུག་བྱང་ལ་འཁྲེང་སེམས་ཤོར་བ་ཡིན་སྲིད། །
མི་མེད་དབེན་ཁྲོད་ཀྱི་མཛེས་ལྗོངས་ལེགས་པར་བཞད་ཅིང་། །
སྨུག་སྤྲིན་རབ་རིབ་ཅིག་སེམས་སུ་འཐིབས་པ་འདྲ་བྱུང་། །
ལས་སྨོན་བརྒྱ་ཕྲག་གི་མདུད་པ་མགུལ་དུ་བཏགས་ནས། །
བརྗོད་མེད་སེམས་ཚོར་གྱི་དུང་བ་གཅིག་ཏུ་མཐུན་སོང་། །
ཕྱི་རོལ་ཡུལ་ལྗོངས་སུ་སྦྲང་ཆར་ཟམ་ཟིམ་བབས་ཤིང་། །
ཆུ་བོའི་བཞུར་རྒྱུན་ཡང་ཤིན་ཏུ་སྙན་འཇེབས་ལྡན་པ། །
མཁའ་འགྲོའི་རྒྱང་གླུ་ལས་ཐོས་པའི་མགུར་ཚིག་དེ་དག །
གཟུགས་མཛེས་ཡིད་འཕྲོག་གི་བུ་མོས་མཚོན་པ་འདྲ་བྱུང་། །
ཁྲ་ཆུང་མིག་དབང་གིས་མཐོང་བའི་རང་ཡུལ་དེ་དག །
ནང་སེམས་མཚོན་ཐབས་ཀྱི་དངོས་པོ་གཞན་ཞིག་ཡིན་འདྲ། །
རོལ་དབྱངས་སྙན་འཇེབས་ཀྱི་གདངས་དང་ལྷན་དུ་བསྡེབས་ནས། །
ཕྱི་རོལ་འཇིག་རྟེན་གྱི་མཐོང་སྣང་མངོན་པ་འདི་ལྟར། །
རྫ་མགོའི་བྱིའུ་ཆུང་གིས་དབྱངས་རྟ་སྙན་མོ་གྱེར་བཞིན། །
རྫ་འདབས་དབེན་གནས་ཀྱི་རི་ཁྲོད་དེ་རུ་ལྷག་འདུག །
རྫ་ཆུ་བསིལ་མ་ཡང་འཐུང་འདོད་ངང་གིས་སྐྱེས་པ། །
བདག་ཡིད་རྟོག་བཏགས་ཀྱི་མེ་ལོང་ངོགས་སུ་འཆར་འདྲ། །
ཉམས་དགའི་ནགས་ཚལ་ནས་མཐོང་བའི་ཉམ་ཆུང་ཡུ་མོ། །
གཡུ་ཡི་མདངས་འཛིན་གྱི་མེ་ལོང་ཐོད་དུ་བཏགས་ནས། །
དྲན་གདུང་སྣ་ཚོགས་ཀྱིས་སེམས་ལ་ཚོན་ཁྲ་བཏབ་པ། །
ཁོ་བོའི་ནང་སེམས་ཀྱིས་ཡང་ཡང་མཐོང་ཐོས་བྱུང་སོང་། །
མདའ་ན་གཙང་ཆབ་ཀྱི་བཞུར་རྒྱུན་ཡག་ས་གན་ན། །
མདའ་མོའི་འཁྱུག་རྩལ་བཞིན་རྒོད་པའི་གསེར་ཉ་གཞོན་ནུ། །
དུང་བའི་མུ་ཏིག་ཅིག་སེམས་སུ་དམ་པོར་ཉར་བ། །
མཐོང་བས་ཡིད་སེམས་ཀྱི་འདུན་མ་དབང་མེད་འཕྲོག་སོང་། །