དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སློབ་ཆུང་བོད་ཡིག་དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-27

    སྤྱི་ཚོགས་རིམ་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་སློབ་ཁྲིད་ཡོ་ཆས་ལའང་རིམ་བཞིན་འགྱུར་ལྡོག་བྱུང་སྟེ་དེང་རབས་ཀྱི་སློབ་ཁྲིད་སྨྱན་ཆས་ཕྱོགས་སུ་འཕོ་འགྱུར་འགྲོ་བཞིན་མཆིས་པས། ང་ཚོ་སློབ་ཆུང་གི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། སྲོལ་རྒྱུན་གྱི་སློབ་ཁྲིད་ཡོ་ཆས་ཁོ་ནར་མགོ་འཁོར་ནས་མ་བསྡད་པར་དུས་བསྟུན་མདུན་སྐྱོད་ཀྱིས་དེང་རབས་ཀྱི་སློབ་ཁྲིད་སྨྱན་ཆས་དག་སྤྱོད་ཤེས་པ་དགོས་ལ། རང་གི་ཆེད་ལས་ཀྱི་ཤེས་བྱར་སྦྱངས་བརྩོན་བྱས་ཏེ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་སློབ་མའི་ཤེས་བྱ་སྦྱོང་འདོད་ཀྱི་རེ་བ་སྐོང་དགོས། གཤམ་དུ་རང་གི་མྱོང་བ་དང་སྦྲགས་ནས་སློབ་ཆུང་བོད་ཡིག་དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་འགའ་ཞིག་སྐོར་གླེང་བར་བྱ་སྟེ།

    ཆེད་ལས་ཀྱི་ཤེས་བྱར་སྦྱངས་བརྩོན་ཧུར་ཐག་བྱེད་དགོས།

    རང་ཉིད་ཀྱི་རྨང་གཞིའི་ཤེས་བྱ་ཡག་པོ་ཡོད་ནའང་། སྔར་ཡོད་ཀྱི་སློབ་ཁྲིད་ཉམས་མྱོང་དང་ཤེས་བྱར་ཡིད་ཚིམ་ནས་མ་བསྡད་པར་ད་དུང་ཆེད་ལས་དང་འབྲེལ་བ་ཡོད་པའི་ཤེས་བྱར་སློབ་སྦྱོང་གང་མང་བྱེད་དགོས་པ་མ་ཟད། དེ་དག་རྒྱུན་གཏན་ལག་ལེན་ཁྲོད་སྤྱོད་རྒྱུར་ཤུགས་སྣོན་རྒྱག་དགོས། དེ་བཞིན་ནམ་རྒྱུན་ནག་པང་སུག་བྲིས་ལ་དོ་སྣང་བྱེད་དགོས་ཏེ། རྒྱུ་མཚན་ནི་ནག་པང་སུག་བྲིས་ཀྱིས་ཐད་ཀར་སློབ་མའི་ཡིག་གཟུགས་ལ་ཤུགས་རྐྱེན་ཐེབས་པས་ཡིན། གཞན་ཡང་དགེ་རྒན་ཕན་ཚུན་དབར་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ལ་གྲོས་བསྡུར་མང་ཙམ་བྱས་ཏེ། དེང་རབས་སློབ་ཁྲིད་ཀྱི་དགོས་མཁོ་དང་འཚམ་པའི་སྲོལ་རྒྱུན་སློབ་ཁྲིད་ཀྱི་དགེ་མཚན་རྒྱུན་འཁྱོངས་བྱས་ནས། རང་ཉིད་ཀྱི་སློབ་ཁྲིད་ཀྱི་འཇོན་ ཐང་ཆེ་རུ་གཏོང་དགོས་པ་དང་། སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྨང་གཞིའི་འོག རང་དཔེ་གཞན་སྟོན་གྱི་ཀུན་སྤྱོད་ཚད་ལྡན་ཞིག་དང་། སློབ་མ་དང་རང་འཁྲིའི་ལས་ཀར་བཅངས་པའི་ལྷག་བསམ་ཞིག་དགོས། རང་ཉིད་ཀྱི་ཆེད་ལས་ཤེས་བྱར་བརྟེན་ནས་མི་གསར་སྐྱོང་བའི་མི་ཚེའི་བགྲོད་ལམ་རིང་མོར་འགྲུལ་བཞུད་བྱེད་རིང་། ཐོག་མར་རང་ཅག་གི་མེས་པོ་བཀའ་དྲིན་ཅན་ཚོས་བཞག་གནང་བའི་སུམ་རྟགས་ཀྱི་གཞུང་དང་དག་ཡིག་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་བྱེད་དགོས་པ་དང་། རང་གིས་རྒྱུན་འཛིན་བྱེད་ཞོར་དུ་སློབ་མའི་ཚོགས་ལའང་བརྡ་སྤྲོད་དང་དག་ཡིག་སོགས་མ་ནོར་བར་བསླབས་ཏེ་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བྱེད་དུ་འཇུག་པ། དགེ་རྒན་རང་ཉིད་ནས་འགོ་བརྩམས་ཏེ་སློབ་མར་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱེད་དགོས། བསླབ་གཞི་གཞིར་བཟུང་སློབ་ཁྲིད་ཁོ་ནའི་བགྱི་བ་དང་དུ་མ་བླངས་པར། གཏམ་རྒྱུད་དང་། བྱིས་སྒྲུང་། ངག་རྒྱུན་སོགས་བཤད་ནས་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་དང་སློབ་ཚན་འཁྲུག་ཆ་དོད་དུ་གཏོང་དགོས་ལ། དེང་གི་སློབ་ཁྲིད་ཀྱི་མ་ལག་འཐུས་སྒོ་ཚང་དུ་འགྲོ་བ་དང་བསྟུན་ནས། པཎྜི་ཏ་དང་གངས་སྤྱན། སྨོན་ལམ་གསུམ་པ། ཧི་མ་ལ་ཡ་སོགས་ཀྱི་མཉེན་ཆས་དང་དཀར་པང་སོགས་ཀྱི་སྨྱན་ཆས་སྤྱོད་ཐུབ་པར་བྱས་ཏེ་སློབ་མའི་མཐོང་རྒྱ་ཆེ་རུ་གཏོང་དགོས།

    སྦྱོང་ཚན་བཀོད་སྒྲིག་ཐད་སྣང་ཆུང་ཤོར་མི་རུང་།

    དགེ་རྒན་གྱི་ལས་གནས་ནི་གནམ་འོག་གི་ཆེས་གཟི་བརྗིད་ཆེ་བའི་ལས་ཀར་བརྩི་ཞིང་། ང་ཚོས་སློབ་མར་བཀོད་སྒྲིག་བྱས་པའི་སྦྱོང་ཚན་དེ་ཡང་ཁྲལ་སེལ་སླ་བཅོས་དང་རང་སྣང་གང་འདོད་དུ་རྩ་བ་ཉིད་ནས་བརྩི་མི་རུང་། ངག་རྒྱུན་དུ་ཞག་གསུམ་ཨར་པོ་རྒྱག་དགོས་ན། ལོ་གསུམ་གྲ་སྒྲིག་བྱེད་དགོས་ཞེས་པ་ལྟར། རྒན་ལགས་རྣམ་པས་བཀོད་སྒྲིག་གནང་བའི་སྦྱོང་ཚན་དེ་སྣེ་མང་རང་བཞིན་གྱི་ཐོག་ནས་སློབ་མའི་ལོ་ན་དང་བློ་རིག་རབ་འབྲིང་ཐ་གསུམ་ལ་དམིགས་ཏེ་བཀོད་སྒྲིག་འོས་འཚམ་བྱེད་དགོས། དེ་ཡང་། སྐད་ཡིག་སློབ་ཚན་ལ་གདེང་འཇོག་བྱེད་པའི་དམིགས་ཡུལ་ནི་སློབ་མ་རྣམས་སློབ་སྦྱོང་དང་དམིགས་ཚད་ཀྱི་ཚད་གཞིར་སླེབས་མིན་བརྟག་ཕྱིར་ཡིན་པ་མ་ཟད། དེ་བས་སློབ་མའི་སྐད་ཡིག་སློབ་སྦྱོང་དང་དགེ་རྒན་གྱི་སློབ་ཁྲིད་ལ་ཞིབ་དཔྱད་དང་ལེགས་བཅོས་གཏོང་ཕྱིར་ཡིན་ཞེས་གསུངས་པ་བཞིན། ང་ཚོས་སློབ་མར་བཀོད་སྒྲིག་བྱས་པའི་སྦྱོང་ཚན་དེ་ཡང་དུས་ཚོད་འགྱངས་ནས་མི་བཞག་པར་དུས་ཐོག་ཏུ་བཅོས་དགོས་པ་དང་དེ་བས་གདེང་འཇོག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། གདེང་འཇོག་དེ་ཡང་གཙོ་བོ་བསྟོད་བསྔགས་རང་བཞིན་གྱི་ལམ་ནས་གཏོང་དགོས་ལ་སློབ་མའི་སྦྱོང་དེབ་སྟེང་མ་མཐར་ཡང་དཔེ་སྟོན་གྱི་ཚུལ་དུ་ཡིག་གཟུགས་གཉིས་ཡན་འབྲི་དགོས། འདི་ལྟར་རྒྱུན་འཁྱོངས་བྱས་ཚེ་གཅིག་ནས་སློབ་མར་ཕན་པ་དང་གཉིས་ནས་རང་ཉིད་ཀྱི་སློབ་ཁྲིད་བྱ་ཐབས་ལ་རང་སོ་སོས་གདེང་འཇོག་ཐུབ་པ་མ་ཟད། ལྷག་བསྡད་པའི་གནད་དོན་ལ་ཤེས་རྟོགས་ཐུབ།

    ཀློག་འདོན་དང་ཡིག་གཟུགས་ལ་སྣང་ཆེན་བྱེད་དགོས།

    བོད་ཡིག་གི་ངོ་བོ་ནི་སྦྱོར་ཀློག་གི་རང་བཞིན་ཡིན་པས། སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་སློབ་མའི་སྦྱོར་ཀློག་གི་རྩལ་ནུས་གསོ་སྐྱོང་ལ་དོ་སྣང་དང་ཤུགས་རྒྱག་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ། དེའང་ཐོག་མར་དབྱངས་གསལ་གཉིས་ཀྱི་སྦྱོར་ཀློག་བྱེད་སྐབས་སློབ་མས་ཡི་གེའི་སྐྱེ་གནས་བཞིན་ཡི་གེ་སོ་སོའི་སྒྲ་རྣམས་གསལ་པོར་འདོན་ཐུབ་མིན་ལ་བརྟགས་ཏེ། གལ་ཏེ་སློབ་མའི་སྒྲ་འདོན་སྟངས་ཏག་ཏག་མ་བསྡད་ཚེ། དགེ་རྒན་གྱིས་དེ་མ་ཉིད་དུ་ལེགས་བཅོས་བྱེད་དགོས་པ་ལས་ལྷོད་གཡེང་གཏན་ནས་གཏོང་མི་རུང་། དེ་བས་སྔོན་འཇུག་ཞུགས་ཡོད་མེད་དང་ཡི་གེའི་སྒྲ་ལྕི་ཡང་གི་ཁྱད་པར་ལ་གཞིགས་ནས། སློབ་མར་སྒྲ་དག་པོས་ཀློག་འདོན་བྱེད་དུ་འཇུག་དགོས།

    ཡིག་གཟུགས་ནི་མི་ཞིག་གི་ངོས་ནས་བརྗོད་ན་ཕྱིའི་གཟུགས་བརྙན་ལྟ་བུ་ཡིན་པས། ང་ཚོས་ནམ་རྒྱུན་ཡི་གེ་འབྲི་སྐབས་སྨྱུ་གུ་འཛིན་སྟངས་ཚད་དང་མཐུན་ཞིང་སྨྱུག་རིམ་ཁ་གསལ་པོས་ཡིག་གཟུགས་ཁག་གྲལ་འགྲིག་པོ་ཞིག་འབྲི་ཐུབ་པ་བྱེད་དགོས་ཤིང་། དེ་བས་ཚུགས་མའི་ཡིག་གཟུགས་དེ་གཟུགས་ཐོན་པོས་འབྲི་ཐུབ་པ་དགོས། “དགེ་རྒན་གྱིས་རང་དཔེ་གཞན་སྟོན་གྱིས་ནག་པང་དང་སྦྱང་དེབ་ཐོག་བྲིས་པའི་ཡི་གེ་སོགས་ཡིག་གཟུགས་ཡག་པོ་འབྲི་དགོས་པ་ལས་རང་འདོད་ལྟར་འབྲི་མི་ཆོག་ལ། སློབ་མས་ཡིག་གཟུགས་ཚད་དང་མཐུན་པ་ཞིག་འབྲི་ཐུབ་ཕྱིར་བོད་ཡིག་སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་སློབ་མའི་ཡིག་གཟུགས་ལ་མཐོང་ཆེན་བྱས་ཏེ་རིམ་པ་སྟར་ཆགས་ཀྱིས་སྦྱོང་བརྡར་ནན་པོ་སྤྲོས་དགོས”ཞེས་གསུངས་པ་ཇི་བཞིན་དུ་ཐོག་མར་སློབ་མ་རྣམས་ཀྱིས་སྨྱུ་གུ་ཡང་དག་པ་ཞིག་འཛིན་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས་ཤིང་། དེ་ལྟར་མ་བྱུང་ཚེ་ཡི་གེའི་དཀར་ནག་གི་ཆ་དང་ཕྲ་སྦོམ་དེ་ལེགས་པོ་ཞིག་འཁྱོངས་མི་སྲིད། སློབ་མའི་ཡིག་གཟུགས་སྦྱོང་འདོད་ཀྱི་སྤྲོ་སྣང་འཕེལ་ཆེད། སྐབས་རེ་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ཏེ་བྱ་དགའི་དངོས་པོ་ཆུང་གྲས་སོགས་སྤྲད་ནས་གདེང་འཇོག་བྱེད་དགོས།

    ཞེ་ཚིག་སྤྱོད་རྒྱུར་སྣང་ཆེན་བྱེད་དགོས།

    ཡ་རབས་གུས་ཞབས་དང་རྒན་བཀུར་གཞོན་གཅེས་ཀྱི་ཀུན་སྤྱོད་བཟང་པོ་མཚོན་པའི་ཞེ་ས་ནི་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གུས་སྲོལ་རིག་གནས་ཤིག་ཡིན་པས། སྲོལ་རྒྱུན་བཟང་པོ་དག་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱེད་རྒྱུ་ནི་ང་ཚོའི་གཡོལ་ཐབས་བྲལ་བའི་འགན་འཁྲི་ཞིག་རེད། ཞེ་ཚིག་ནི་ཕལ་སྐད་ཀྱི་ཐ་སྙད་དང་འབྲལ་དུ་མེད་པའི་གྲུབ་ཆ་ཞིག་ཡིན་ཞིང་། ཞེ་ས་སྤྱོད་མཁན་རང་ཉིད་ལ་མཚོན་ནའང་། དེས་རང་གི་བསམ་སྤྱོད་དང་སྨྲ་བརྗོད་ཀྱི་བྱང་ཚད་ཇི་བཞིན་མཚོན་ཞིང་། དེ་བས་སྤྱི་ཚོགས་ཀྱི་ཤེས་དཔལ་གྱི་ཚད་གཞི་ཇི་མ་ཇི་བཞིན་མངོན་གྱི་ཡོད། སློབ་ཆུང་གི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། སློབ་མའི་རང་བརྩིའི་བསམ་པར་བརྩི་འཇོག་བྱས་ནས། དགེ་སློབ་ཕན་ཚུན་དབར་ཞེ་ས་རྒྱག་པ་དང་སློབ་མ་ཕན་ཚུན་དབར་ཞེ་ཚེག་སྤྱོད་པར་སྐུལ་མ་གཏོང་དགོས། གང་ལགས་ཤེ་ན། རིག་གནས་གང་ཞིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྔོན་འགྲོའམ་རྨང་གཞི་ནི་བེད་སྤྱོད་ཡག་པོ་བྱ་རྒྱུ་དེ་ཡིན།

    (ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་རྒྱལ་མཚན་ཡེ་ཤེས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།