མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཤི་ལོག་གི་ཕྱུག་འགྱུར་གཏམ་རྒྱུད།
སྟག་རྩེ་ཆུས་ཞོག་ཤང་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཤི་ལོག་ནི་བོད་ཀྱི་སྲོལ་རྒྱུན་འཇིམ་བརྙན་དང་རས་འབག་བཟོ་རྩལ་གྱི་བཟོ་བོ་ཞིག་ཡིན་ཞིང་། ཁོང་འབག་བཟོ་བའི་ལག་རྩལ་ལ་དགའ་ཞེན་ཆེན་པོ་དང་མཁྱེན་རྒྱ་ཡངས་པོ་ཡོད། ཁོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ལ་བརྟེན་ནས་ཡུལ་མི་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱས་པས། ཁོང་ལྷ་ས་གྲོང་ཁྱེར་གྱི“ལྷ་སའི་བཟོ་བོ”སྐབས་དང་པོའི་གྲས་སུ་བདམས།
འདི་ལོ་ལོ་49ལ་སླེབས་པའི་ཤི་ལོག་སྟག་རྩེ་ཆུས་ཀྱི་ཞིང་དུད་ཅིག་ཏུ་སྐྱེས། ཤི་ལོག་གི་སྤོ་བོ་ལགས་ནི་སྲོལ་རྒྱུན་གྱི་འཇིམ་སྐུ་དང་འབག་གི་ལག་ཤེས་བཟོ་རྩལ་པ་ཞིག་རེད། ཁོང་གིས་ཆུང་དུས་ནས་སྤོ་བོའི་དྲུང་ནས་འབག་བཟོ་བའི་ལག་རྩལ་ཧུར་ཐག་སྦྱངས་པ་བརྒྱུད། ཁོང་ཡང་རིམ་གྱིས་རྩལ་ནུས་བྱང་ཆུབ་པའི་འབག་བཟོའི་དགེ་རྒན་ཞིག་ཏུ་གྱུར། ལག་རྩལ་མུ་མཐུད་མཐོ་རུ་གཏོང་ཆེད། ཤི་ལོག་གིས་སྐབས་དེ་དུས་ལྷ་སར་སྐད་གྲགས་ཤིན་ཏུ་ཆེ་བའི་རས་འབག་གི་རྒྱུན་འཛིན་པ་ཐུབ་བསྟན་ཆོས་གྲགས་དགེ་རྒན་དུ་བསྟེན་པ་དང་། ཁོང་གི་ཞབས་དྲུང་ནས་བགྲང་བྱ་བདུན་བརྒྱད་རིང་ཆེས་སྲོལ་རྒྱུན་གྱི་འཇིམ་སྐུ་དང་རས་འབག་བཟོ་བའི་རྨང་གཞིའི་ལག་རྩལ་ནས་འགོ་བརྩམས་ཏེ་སྦྱོང་འགོ་ཚུགས།
དགེ་རྒན་ཐོན་རྗེས་ཤི་ལོག་གིས་རང་ཉིད་ཀྱི་བཟོ་ཁང་བཙུགས་ནས་སྲོལ་རྒྱུན་གྱི་འཇིམ་སྐུ་དང་རས་འབག་བཟོས་པར། དེ་སྔ་དེ་ཙམ་ཆ་རྒྱུས་མེད་པའི་ཁོང་གི་སྙན་གྲགས་རིམ་བཞིན་ཉེ་རིང་གང་སར་ཁྱབ། འབག་གི་མངག་ཐོ་མང་དུ་ཕྱིན་པ་དང་བསྟུན་ནས་ཁོང་གིས་འཇིམ་བཟོའི་འབག་དང་རས་འབག་གི་རྩ་ཆེའི་བཟོ་རྩལ་གྱི་བརྒྱུད་རིམ་ཀྱང་རྒྱུན་འཛིན་བྱས་ཡོད། ཁོང་གིས། 2012ལོར་ངས་སྣེ་ཁྲིད་དེ་ཞོག་ཤང་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་ཡིན། དེ་དུས་རྫོང་རིམ་པ་ནས་རང་སྐྱོང་ལྗོངས་རིམ་པ་བར་གྱི་རིམ་ཁག་དབུལ་སྐྱོར་གཞུང་ལས་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་བྱུང་། དེའི་ནང་རྒྱལ་ཁབ་ཀྱིས་བཏང་བའི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་དང་མང་ཚོགས་ཀྱིས་རང་གྲབས་བྱས་པའི་སྒོར་ཁྲི་60ཚུད་ཡོད་ཅེས་བརྗོད།
ལོ་ཤས་འཕེལ་རྒྱས་བཏང་བ་བརྒྱུད། དེ་སྔ་གཞི་ཁྱོན་དེ་ཙམ་ཆེན་པོ་མེད་པའི་ཆེད་ལས་མཉམ་ལས་ཁང་དེ་རང་ལྗོངས་ཀྱི་འབག་བཟོ་གྲྭ་ཆེ་ཤོས་སུ་གྱུར་ཏེ། ཆ་སྙོམས་བྱས་ན་ལོ་རེར་འབག་400ལྷག་ཙམ་འཚོང་ཐུབ་ཀྱི་ཡོད། ཤི་ལོག་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཉམ་ལས་ཁང་གིས་དེ་སྔ་འུན་ཤིང་ཀོང་ཇོའི་དངོས་ལྗོངས་ཟློས་གར་ཆེ་གྲས་ལ་འཁྲབ་ཆས་འབོར་ཆེན་མཁོ་འདོན་བྱས་པ་དང་། ཁོང་གི་བྱུ་རུའི་འབག་དང་མུ་ཏིག་གི་འབག་སོགས་ཀྱི་བརྩམས་ཆོས་10ལྷག་ཙམ་རྒྱལ་ཁབ་མཛེས་རྩལ་ཁང་དུ་ཉར་ཚགས་བྱས་ཡོད།
ད་ཆ་ཤི་ལོག་ཞོག་ཤང་གི་དབུལ་སྐྱོར་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་གྱུར་པ་མ་ཟད། རང་ཉིད་ཀྱི་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས། 2014ལོར་བསམ་འདུན་ལྟར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི“ལྷ་སའི་རས་འབག་བཟོ་རྩལ”གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གྱུར། འབྱུང་འགྱུར་གྱི་འཆར་གཞིའི་སྐོར་གླེང་སྐབས་ཤི་ལོག་གིས་ཡིད་ཆེས་ཆེན་པོས། གོམ་སྟབས་རྗེས་མར་ངས་འབད་བརྩོན་བྱས་ཏེ་རང་ཉིད་ཀྱི་ཐོན་རྫས་སྤུས་ལེགས་བཟོ་བར་དཀའ་སྤྱད་སྙིང་རུས་བྱས་ནས་རྩ་ཆེའི་ཤུལ་བཞག་མུ་མཐུད་རྒྱུན་འཛིན་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།