དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • གསར་འགྱུར་ཡིག་སྒྱུར་སྐོར་གྱི་མྱོང་བ་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

    གསར་འགྱུར་ཞེས་པ་ནི་ཐོན་མ་ཐག་པའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུ་མྱུར་པོའི་སྒོ་ནས་མི་རྣམས་ལ་སྤེལ་བར་ཟེར་ཞིང་། གསར་འགྱུར་ཡིག་སྒྱུར་ནི་གསར་འགོད་པས་བྲིས་པའི་གསར་འགྱུར་གྱི་མ་རྩོམ་དེ་ལོ་ཙཱ་བས་གང་བརྗོད་པར་བྱ་བའི་དོན་དེ་འཁྲུལ་བ་མེད་པའི་ངང་ཡིག་སྒྱུར་བྱས་ཏེ་ཀློག་པ་པོའམ་གསན་པ་པོར་དོན་དངོས་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱེད་པའི་ལས་སྒོ་ཞིག་རེད། དེས་ཏང་གི་མཛད་ཕྱོགས་སྲིད་ཇུས་མཚོན་པར་བྱེད་ནུས་ལ་འཛམ་གླིང་ཐོག་གི་བྱ་དངོས་སམ་ཤེས་བྱ་སོགས་གསར་དར་གྱི་གནས་ཚུལ་གང་བྱུང་བ་ཚང་མ་དོན་དངོས་བརྒྱུད་བསྒྲགས་དང་ཁྱབ་སྤེལ་བྱེད་པའི་ལས་དོན་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དེ་ཡང་ཚགས་པར་དང་རླུང་འཕྲིན་བརྙན་འཕྲིན་སོགས་ཏང་དང་རྒྱལ་ཁབ་ཀྱིས་གཙོ་གཉེར་བྱས་པའི་སྨྱན་སྦྱོར་ནི་དྲིལ་བསྒྲགས་ཀྱི་གཡུལ་ས་གཙོ་བོ་དེ་ཡིན་ཞིང་། ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་ནི་ཏང་གི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་རྒྱལ་སྲིད་སྐྱོང་ལུགས་དང་རྒྱལ་ཁབ་བདེ་འཇགས་ཀྱི་དོན་ཆེན་ཞིག་ཡིན་པས་རྒྱལ་ནང་གི་རྣམ་པའི་འཕེལ་རྒྱས་ལ་འཚམ་པ་དང་། ཏང་གི་ལས་དོན་གྱི་ཁྱོན་ཡོངས་ནས་འགོ་བརྩམས་ཏེ་སྟངས་འཛིན་བྱས་ཐོག་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་ལས་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ། གསར་འགྱུར་བརྒྱུད་བསྒྲགས་ཀྱི་ཆོས་ཉིད་ལ་བརྩི་སྲུང་དང་། ཐབས་ཤེས་དང་རྣམ་པ་གསར་གཏོད་ཀྱིས་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་གདལ་གྱི་ནུས་པ་དང་། སྣེ་ཁྲིད་ཀྱི་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། ཀུན་གྱིས་ཡིད་ཆེས་བྱེད་ཤུགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་རེ་བ་བཏོན་ཡོད།

    དེ་ཡང་གསར་འགྱུར་ཡིག་སྒྱུར་ལའང་རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་དང་། ཚགས་པར་ཡིག་སྒྱུར། བརྙན་འཕྲིན་གསར་འགྱུར་ཡིག་སྒྱུར་སོགས་ཡོད་མོད། དེ་རིང་གུས་མོས་འདིར་ཚགས་པར་གསར་འགྱུར་ཡིག་སྒྱུར་སྐོར་མྱོང་བ་གཙོ་བོར་བཟུང་ནས་ཡིག་སྒྱུར་ལས་དོན་ཁྲོད་དོ་སྣང་བྱ་དགོས་པའི་གནད་དོན་འགའ་ཞིག་གླེང་བར་བྱ།

    དང་པོ། སྒྱུར་བྱའི་བརྗོད་དོན་གང་དེའི་ངོ་བོ་ཇི་མ་ཇི་བཞིན་དུ་མཚོན་པར་བྱེད་དགོས། ཚགས་པར་ཡིག་སྒྱུར་གྱི་ལས་རིགས་འདི་ཡང་ཡིག་སྒྱུར་གྱི་ལས་རིགས་གཞན་དང་མཐུན་པར་མ་ཡིག་ལ་བརྩི་སྲུང་ཞུས་ནས་མ་ཡིག་གི་དོན་ཇི་མ་ཇི་བཞིན་བུ་ཡིག་གི་བརྗོད་བྱེད་ཚིག་ལ་གསལ་པོར་མཚོན་པར་བྱེད་དགོས་པ་དང་། བུ་ཡིག་ལ་ཕོབ་སྐབས་སྒྱུར་བྱེད་སྐད་དང་ཡི་གེའི་འགྲོས་དང་བསྟུན་དགོས་པ་དེ་ཡིན། དེ་ཡང་གཙོ་བོ་ནི་ལོ་ཙཱ་བས་མི་སྒེར་གྱི་བརྩེ་དུང་དང་ལངས་ཕྱོགས་སྤངས་ཏེ། སྒྱུར་བྱའི་བརྗོད་དོན་གང་དེའི་ངོ་བོ་ཇི་མ་ཇི་བཞིན་དུ་མཚོན་པར་བྱེད་དགོས། བོད་ཡིག་ཚགས་པར་གྱི་ཀློག་པ་པོ་མང་ཆེ་བ་ནི་རྒྱ་ཆེའི་བོད་ཡིག་ཤེས་པའི་ངལ་རྩོལ་མང་ཚོགས་ཡིན་པས། མངོན་བརྗོད་དང་། ཚིག་རྒྱན། སྙན་ངག་སོགས་ཀྱིས་མ་བཅིངས་པར་བརྡ་སྤྲོད་ཀྱི་ལུགས་དང་མཐུན་ཞིང་། ཐ་སྙད་ཡང་དག་པ་དང་། ཁ་གསལ་བ། གོ་བདེ་བ་བཅས་ཀྱི་སྒོ་ནས་ནང་དོན་གསལ་པོ་མཚོན་ཐུབ་པ་ཞིག་དགོས། ཚགས་པར་གསར་འགྱུར་གྱི་ཡིག་སྒྱུར་བརྒྱུད་རིམ་ནང་། ང་ཚོས་ཐོག་མར་འབད་དགོས་པ་ནི་གསར་འགྱུར་གྱི་ཁ་བྱང་དེ་ཁ་གསལ་ཞིང་གོ་བདེ་བ་དང་། གསོན་ཉམས་ལྡན་པ། དོན་བསྡུས་པ། དེ་བཞིན་བཀླགས་མ་ཐག་ཏུ་ནང་དོན་ཕལ་ཆེར་གོ་ཐུབ་པ་ཞིག་དགོས་ཤིང་། ཡིག་སྒྱུར་མཁན་གྱིས་རང་གིས་འགོད་པར་བྱ་བའི་གསར་འགྱུར་གྱི་ཁ་བྱང་དེ་ཚིག་ཉུང་དོན་བསྡུས་ཀྱིས་བུ་ཡིག་ལ་འབེབས་དགོས་པ་སྟེ། དཔེར་ན། 西藏首台超高端640层CT落户拉萨ཞེས་པའི་མ་ཡིག་གི་ཁ་བྱང་སྒྱུར་སྐབས་བོད་ཀྱི་རྩེར་སོན་གྱི་རིམ་པ་640ཡི་CTཐོག་མ་ལྷ་སར་སྤྱོད་འགོ་ཚུགས་པ་ཞེས་ཐད་ཀར་དུ་བསྒྱུར་ན་དོན་གོ་རྒྱུ་མེད་པ་ཞིག་ཏུ་སྣང་བས། ལྷ་སར་ནུས་པ་རྩེ་སོན་གྱི་CTཐོག་མ་དེ་སྤྱོད་འགོ་ཚུགས་ཞེས་བསྒྱུར་ན་གོ་བདེ་བ་དང་ཁ་གསལ་བ་ཞིག་ཡོད། ང་ཚོས་མ་ཡིག་ནང་གི་640层ཞེས་པའི་ཡིག་འབྲུ་དེ་གཉིས་མ་བསྒྱུར་ནའང་ཆོག་ཅིང་། དེ་ནི་བརྗོད་པར་བྱ་བའི་ཁ་བྱང་དེའི་དམིགས་བསལ་གྱི་ཁྱད་ཆོས་སྟོན་པའི་ཚིག་སྟེ། གལ་སྲིད་དེ་གཉིས་བསྒྱུར་ན་ཁ་བྱང་ཁ་གསལ་པོ་མེད་པའི་ཁར་ཚིག་རྙོག་མང་པོ་ཞིག་ཏུ་གྱུར་ནས་བརྗོད་པར་བྱ་བའི་དོན་དེ་གསལ་པོར་མཚོན་མི་ཐུབ་པས། ངེས་པར་དུ་ཞིང་འབྲོག་མང་ཚོགས་སམ་ཚོགས་སྤྱི་གང་འདྲ་ཞིག་གིས་བལྟས་ཀྱང་གོ་བདེ་ཤེས་སླ་བ་ཞིག་ཡོང་བར་བྱས་ནས་གསར་འགྱུར་གྱི་ཁྲིད་སྟོན་གནད་འཁེལ་ཞིག་ཡོང་བར་བྱེད་དགོས། དེའང་ཨ་མེ་རི་ཁའི་དེང་རབས་ཀྱི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ནའེ་ཏཱ(奈达)ཡིས་སྒྱུར་རྩོམ་གང་ཡིན་དེའི་ལེགས་ཉེས་ནི་ཀློག་པ་པོའི་གདེང་འཇོག་ལ་བལྟ་དགོས་ངེས་རེད་ཅེས་གསུངས་པ་ལྟར་གལ་སྲིད་ཁྱེད་ཀྱིས་བསྒྱུར་བའི་བུ་ཡིག་དེ་ཐད་ཀར་དུ་བསྒྱུར་བ་ཙམ་ལས་རྒྱ་ཆེའི་ཀློག་པ་པོར་མནོ་བསམ་ཏིལ་འབྲུ་ཙམ་ཡང་མ་བཏང་ན་སྤྱི་ཚོགས་ཀྱི་ཁྲོད་དུ་ཕན་ནུས་ཐོན་རྒྱུ་ལྟ་ཅི། གསར་འགྱུར་གྱི་ཁྲིད་སྟོན་དེ་ཡང་གནད་འཁེལ་དང་ལེགས་པོ་ཞིག་གཏན་ནས་ཡོང་མི་ཐུབ།

    གཉིས་པ། བསྒྱུར་བྱའི་གསར་འགྱུར་ཁྲོད་ཀྱི་སྐབས་དོན་ཆབ་སྲིད་ལ་དབྱེ་ཞིབ་དང་བྱ་དངོས་གསར་པའི་གོ་དོན་དང་བྱེད་ནུས་སོགས་ལ་རྒྱུས་མངའ་ལོན་ཤུགས་ཆེ་རུ་གཏོང་དགོས། ཚགས་པར་གསར་འགྱུར་ལེགས་པོ་ཞིག་བསྒྱུར་བར་སྒྱུར་བྱའི་ནང་དོན་གང་ཡིན་པ་དེའི་རྒྱབ་ཕྱོགས་ཀྱི་སྲིད་དོན་དང་། རིག་གནས། བྱེད་ནུས་སོགས་གསལ་པོ་རྟོགས་དགོས་ལ་དེ་དག་གསལ་བར་བརྗོད་བྱའི་ཐ་སྙད་དེ་དག་གཅིག་འགྱུར་དང་ཚད་ལྡན་སྒོས་ཀློག་པ་པོས་གོ་ཐུབ་པ་དང་རྟོགས་ཐུབ་པ་ཞིག་དགོས་པ་ནི་རྩ་བའི་ཆ་རྐྱེན་ཡིན། དེར་བརྟེན་ཡིག་སྒྱུར་བྱེད་དུས་ངེས་པར་སྔོན་ལ་ཆབ་སྲིད་ལ་དབྱེ་ཞིབ་དང་རྒྱུས་ལོན་ལེགས་པོ་ཞིག་བྱེད་དགོས་པ་དཔེར་ན། 时时放心不下的责任感ཞེས་པའི་ཚིག་དུམ་སྒྱུར་སྐབས་ལོ་ཙཱ་བ་འགའ་ཞིག་གིས་རྟག་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ཞེས་སྒྱུར་བཞིན་ཡོད་མོད། ཁ་མོའི་ལྟ་བར་ནམ་ཡང་དོར་དུ་མི་རུང་བའི་འགན་འཁྲིའི་འདུ་ཤེས་ཞེས་བསྒྱུར་ན་འོས་ཤིང་འཚམ་པར་མཐོང་། ཡང“三线一单”ཞེས་པ་སྒྱུར་སྐབས་ལ་ལས་ཐིག་གསུམ་དང་ཚན་པ་གཅིག་ཡང་ན་ཐིག་གསུམ་ཐོ་གཅིག་ཅེས་སྒྱུར་བཞིན་ཡོད་པས། དེ་ལྟར་རང་སྣང་གང་དྲན་དུ་བསྒྱུར་ན་མི་འགྲིག་པར་ང་ཚོས་གང་བསྒྱུར་བར་བྱ་བའི་མ་ཡིག་གམ་གསར་འགྱུར་གྱི་ནང་དོན་གསལ་པོ་ཁོང་དུ་ཆུད་པར་བྱས་རྗེས་ཀློག་པ་པོར་གོ་བདེ་ཞིང་ཤེས་སླ་བ་དང་། ཚིག་ཉུང་ཞིང་དོན་བསྡུས་པའི་སྒོ་ནས་བརྗོད་པར་བྱ་དགོས་པས། མཐའ་ཚད་གསུམ་དང་རྩིས་ཐོ་གཅིག་ཅེས་བསྒྱུར་ན་སྐབས་དོན་གསར་འགྱུར་གང་དེའི་ནང་དོན་ཀློག་པ་པོས་གསལ་པོར་རྟོགས་ཐུབ།

    གསུམ་པ། གསར་འགྱུར་ཡིག་སྒྱུར་ཁྲོད་སྐབས་རེ་འགྲེལ་བཤད་རང་བཞིན་ནམ་སྣོན་སྒྱུར་བྱས་ན་གོ་བདེ་བ། ས་པཎ་གྱི《མཁས་པ་འཇུག་པའི་སྒོ》ལས་འགའ་ཞིག་བོད་ལ་གོ་བདེའི་ཕྱིར་ལེགས་པར་སྦྱར་ལ་མེད་ན་ཡང་ཅུང་ཟད་ལྷག་པར་སྒྱུར་བ་ཡོད་ཅེས་བསྒྱུར་བྱའི་སྒྲ་ལ་སྐད་དོད་ལྟ་བུ་མེད་ཀྱང་སྒྱུར་བྱེད་སྐད་ལ་གོ་བདེ་བའི་ཕྱིར་སྒྲ་ཁ་ཤས་གསར་དུ་བསྣན་ནས་བསྒྱུར་དགོས་པ་དཔེ་དང་བཅས་གསལ་བཤད་མང་དུ་བྱས་ཡོད་ཅིང་། དེ་ཡང་གསར་འགྱུར་ཡིག་བྱེད་པའི་བརྒྱུད་རིམ་ནང་ང་ཚོས་མིང་ཚིག་འགའ་ཞིག་བསྡུས་དྲག་རྒྱུ་མེད་པ་སྟེ་དཔེར་ན། 重视通用人工智能发展ལྟ་བུ་བུ་ཡིག་ཐོག་ཏུ་སྒྱུར་བའི་སྐབས་མ་ཡིག་གི་ཚིག་ངོས་བཞིན་བསྒྱུར་ནས་མིང་ཚིག་བསྡུས་ཆེ་དྲག་ན་ཚིག་དོན་གཞན་ཞིག་ཏུ་གོ་རྒྱུ་ཡོད་པར་སྣང་བ་དཔེར་ན། ང་ཚོས་ཀུན་སྤྱོད་མི་བཟོས་རིག་ནུས་ཀྱི་འཕེལ་རྒྱས་ལ་སྣང་ཆེན་བྱེད་པ་ཞེས་སྒྱུར་གྱི་ཡོད་པས། དེ་ལྟར་བསྒྱུར་ན་ཀློག་པ་པོས་ཚགས་པར་ཀློག་སྐབས་སུ་ཀུན་སྤྱོད་ཞེས་པ་འདོན་སྐབས་རྒྱ་ཡིག་གི་ཚིག་道德ཞེས་པའི་དོན་དང་གོ་འཛོལ་ཤོར་ཉེན་ཆེ་བས་སྐབས་འདི་དུས་ང་ཚོས་ཡིག་སྒྱུར་བྱེད་པའི་ཁྲོད་ཚིག་འགྲེལ་རང་བཞིན་གྱི་ཡིག་སྒྱུར་བྱས་ནས་སྣོན་སྒྱུར་བྱས་ན་ཡང་མི་འཚམ་པ་མེད་པ་སྟེ། ཀུན་གྱིས་སྤྱོད་ནུས་པའི་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་ལ་སྣང་ཆེན་བྱེད་དགོས་ཞེས་བསྒྱུར་ན་ལེགས།

    བཞི་པ། མིང་གཅིག་དོན་མང་ལ་འཇུག་པའི་རིགས་ཀྱི་བསྒྱུར་ཚུལ། མིང་གཅིག་གིས་བརྫོད་དོན་གཉིས་སམ་དུ་མ་སྟོན་པའི་རིགས་ལ་ཟེར་བ་སྟེ་དེ་ཡང་མིང་ཚིག་ཁག་གཅིག་མིང་ཚིག་དེ་རང་ལ་དོན་གཉིས་ཙམ་སྟོན་པ་སྟེ་རྒྱ་ཡིག་གི་重ལྟ་བུ་ལྗིད་པོ་དང་བསྐྱར་ཟློས་ལྟ་བུ་དོན་མི་འདྲ་བ་གཉིས་རེ་སྟོན་རྒྱུ་ཡོད་པ་ལྟ་བུ་ཡིན། དེ་ཡང་ཚགས་པར་ཡིག་སྒྱུར་གྱི་བྱ་བའི་ཁྲོད་དུ་མ་ཡིག་གི་བསྒྱུར་བྱའི་མིང་ཚིག་གང་དེ་བརྗོད་པར་བྱ་རྒྱུའི་ཚིག་དུམ་ཞིག་གི་ནང་དུ་བཞག་ནས་དོན་སྟོན་པར་བྱེད་སྐབས་སྐབས་བབ་ཀྱི་ཚིག་དུམ་མི་འདྲ་བའི་ཁྲོད་དུ་བརྗོད་བྱའི་དོན་ཡང་མི་འདྲ་བ་སྟོན་གྱི་ཡོད་པ་དཔེར་ན། 系统ཞེས་པའི་ཚིག་འབྲུ་འདི་གཉིས་ཡིག་སྒྱུར་བྱེད་པའི་ཁྲོད་སྤྱིའི་ཆ་ནས་མི་མང་ཆེ་བས་མ་ལག་ཅེས་བསྒྱུར་བཞིན་ཡོད་མོད། 系统ཞེས་པའི་ཡིག་འབྲུ་དེ་གང་འཇུག་ཡུལ་མི་འདྲ་བ་ལ་བརྟེན་ནས་དོན་མི་འདྲ་བ་ཡོད་པས། 系统ཟེར་བ་计算机(རྩིས་འཁོར)དང་འབྲེལ་ནས་བསྒྱུར་སྐབས་མ་ལག་ཅེས་བསྒྱུར་བ་དང་། ཡང་ཚིག་འབྲུ་དེ་教育系统ལྟ་བུའི་ཁྲོད་དུ་བཞག་ནས་སྒྱུར་བའི་སྐབས་སློབ་གསོའི་ཁྱབ་ཁོངས་ལྟ་བུ་ཚན་པའི་ཁོངས་གཏོགས་སུ་འགྲོ་བ་དང་། ཡང་ཡིག་འབྲུ་དེ་དང་观念ཞེས་པ་འབྲེལ་ནས་སྒྱུར་སྐབས་系统观念ལྟ་བུ་རྒྱུད་ཁོངས་ཀྱི་འདུ་ཤེས་ཞེས་བསྒྱུར་དགོས་པ་ལས་མ་ལག་གི་འདུ་ཤེས་ཞེས་བསྒྱུར་ན་མི་འགྲིག་པ། ཡང་系统治理ཞེས་པ་བསྒྱུར་བའི་སྐབས་སུ་རིམ་པ་བཞིན་བཅོས་སྐྱོང་ཞེས་བསྒྱུར་བ་ལས་མ་ལག་བཅོས་སྐྱོང་ཞེས་བསྒྱུར་མི་འགྲིག་པ་ལྟ་བུ་ང་ཚོས་ཡིག་འབྲུ་གཅིག་གིས་སྟོན་པར་བྱ་བའི་དོན་མི་འདྲ་བ་གང་དེ་དག་གསལ་པོ་ཤེས་པར་བྱ་རྒྱུ་དེ་ཡིག་སྒྱུར་མཁན་ཞིག་ལ་མཁོ་བའི་ཆེས་རྩ་བའི་བྱང་ཚད་ཅིག་རེད།

    ལྔ་པ། རིག་གནས་གཉིས་ཀྱི་ཁྱད་པར་ལ་དོ་སྣང་བྱེད་དགོས་པ། རྒྱ་བོད་ཡིག་རིགས་གཉིས་ཀྱི་མིང་གི་གྲུབ་ལུགས་དང་ཚིག་གི་སྦྱོར་སྟངས་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་། ལྷག་པར་དུ་སོ་སོའི་མཛེས་དཔྱོད་ཀྱི་ལྟ་བ་དང་རིག་གནས་བསྟན་དོན་སོགས་མི་འདྲ་བའི་དབང་གིས་ཐ་སྙད་དང་ཚིག་སྦྱོར་འགའ་ཤས་ཤིག་མ་ཡིག་གི་ཚིག་རིས་ཇི་བཞིན་བསྒྱུར་ན་སྒྱུར་བྱེད་སྐད་དུ་འབྲེལ་མི་ཆགས་ཤིང་བརྗོད་མི་བདེ་ལ་ཐ་ན་གོ་འཛོལ་ཐེབས་ཉེན་ཡོད་པས་སྐབས་བབ་ཀྱི་སྦྱོར་ཡུལ་དང་ཚིག་སྔ་ཕྱིའི་འབྲེལ་བར་ལེགས་པར་བརྟག་ནས་ཚིག་གཞན་ཞིག་ནས་བརྗོད་དོན་ཧྲིལ་པོ་གསལ་པོར་མཚོན་པར་བྱེད་དགོས་པ་སྟེ་བསྒྱུར་སྟངས་དེ་འདྲར་འཕྲོས་བསྒྱུར་ཡང་ཟེར་བ་དཔེར་ན། 留得青山在不愁没柴烧 ཞེས་པ་དེ་རི་བོ་གནས་ན་བུད་ཤིང་མེད་པའི་སེམས་ཁྲལ་མེད་ཅེས་ཐད་ཀར་བསྒྱུར་ན་རྒྱ་བོད་མི་རིགས་ཀྱི་གཉིས་ཀྱི་སྐད་ཆའི་འགྲོ་ལུགས་དང་རིག་གནས་ཀྱི་འདུ་ཤེས་མི་གཅིག་པའི་དབང་གིས་གོ་མི་བདེ་བར་གྱུར་སྲིད་པས་བོད་མི་རང་གིས་གོ་བདེ་བ་ཞིག་ཏུ་བསྒྱུར་རྒྱུ་དེ་གལ་ཆེ་བས་ང་ཚོ་བོད་ཀྱི་ཁ་དཔེ་ལྟར་ལག་པར་ཤ་ཡོད་ན་ནམ་མཁར་བྱ་འཁོར་ཞེས་པའམ་ཡང་ན་མི་མ་ཤི་སྲོག་གི་སྡོང་པོ་ཞེས་པ་ལྟ་བུར་བསྒྱུར་ན་ཚང་མས་གོ་བདེ་བར་གྱུར་སྲིད། ཡང་དཔེར་树老根多 人老智多ཞེས་པ་ལྟ་བུར་ཆ་མཚོན་ན་ང་ཚོས་ཐད་ཀར་སྡོང་རྒན་ལ་རྩ་བ་མང་། མི་རྒན་བློ་གྲོས་ཆེ་ཞེས་པར་བསྒྱུར་མི་རུང་ཞིང་དེ་འདྲ་བསྒྱུར་ན་ང་ཚོས་རིག་གནས་སམ་གསར་འགྱུར་བརྒྱུད་སྤྲོད་བྱ་ཡུལ་གྱིས་མི་གོ་བར་གྱུར་སྲིད་པས། ཁ་དཔེར་ཡོད་པ་བཞིན་གཞོན་པའི་ཤེད་ལས་རྒན་པོའི་ཇུས་བཟང་ལྟ་བུར་བསྒྱུར་དགོས།

    མདོར་ན། ས་པན་གྱིས་ཚིག་ཀྱང་སྒྲིག་ལེགས་མ་ཤེས་ན། དོན་བཟང་སྨོས་ཀྱང་ཅི་ཞིག་བྱ་ཞེས་གསུངས་པ་ལྟར་ཚགས་པར་གསར་འགྱུར་གྱི་ཡིག་སྒྱུར་ཁྲོད་དུ་ལོ་ཙཱ་བས་ཡིག་སྒྱུར་བྱས་པའི་བུ་ཡིག་གང་དེར་ཡིག་ནོར་མེད་པ་དང་། ཚིག་སྦྱོར་འཇུག་པ་བདེ་བ་ཞིག་དགོས་ཤིང་། དེ་ལྟར་བྱུང་ན་རྒྱ་ཆེའི་ཀློག་པ་པོར་ཏང་གི་གསུང་སྒྲ་ལེགས་པར་དྲིག་བསྒྲགས་ཐུབ་པ་གདོན་མི་ཟའོ།

    (ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བོད་ཡིག་རྩོམ་སྒྲིག་ཁང་གི་སྐལ་བཟང་དབང་མོ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།