དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ་ཞིག་གི་ཉམས་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-16


    འདི་ནི་ལྷ་ས་རྒྱང་ཆེན་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཐོག་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པས་ཞབས་བྲོ《བརྩེ་བས་ཕྱུག་པའི་ཤིང་བཟོས་འདྲ་གཟུགས》ཞེས་པ་འཁྲབ་བཞིན་པ།

    ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ་ནི་ལྷ་ས་རྒྱང་ཆེན་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སིའི་ཁོངས་སུ་གཏོགས་ཤིང་། ལོ་མང་རིང་ཀུང་སི་དེས་ཁེ་ལས་ནང་ཁུལ་གྱི་རིག་གནས་འཛུགས་སྐྱོང་ལ་སྣང་ཆེན་བྱས་ནས། ལོ་ལྟར་གྱི་གནམ་ལོ་གསར་ཚེས་དང་བོད་ཀྱི་ལོ་གསར་སོགས་དུས་ཆེན་རིང་གླུ་ལེན་གར་འཁྲབ་ལ་མཁས་པའི་ལས་བཟོ་སྒྲིག་འཛུགས་བྱས་ཏེ་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་ཀྱི་ཡོད། བྱེད་སྒོ་དེ་རིགས་སྤེལ་རིམ་བཞིན་ལས་བཟོ་ཚོས་ཧ་ཅང་དགའ་པོ་བྱེད་པ་དང་འཚང་ཁ་ཤིག་ཤིག་ངང་རང་ཉིད་ཀྱི་རྩལ་ནུས་ངོམ་གྱི་ཡོད། ཕྱིས་སུ་ཀུང་སིས་འཁོར་ཁང་ཁག་ནས་རིག་རྩལ་ལ་མཁས་པའི་ལས་བཟོ་སྐོང་འཐེན་བྱས་ཏེ་རྒྱང་ཆེན་རིག་གནས་ལས་དོན་རུ་ཁག་བཙུགས་པ་རེད། རུ་མི་དེ་དག་ཆེད་ལས་འཁྲབ་སྟོན་པ་མིན་རུང་དུས་རྒྱུན་ཐོན་སྐྱེད་ལ་གཞོལ་བ་དང་འཁྲབ་སྟོན་བྱེད་དགོས་ཚེ་དེར་ཞུགས་ཀྱི་ཡོད།

    འདི་ནི་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་དགོད་བྲོའི་གཏམ་གླེང《ཏང་གི་ཚོགས་ཆེན་ཉི་ཤུ་པར་བསྟོད་པ》ཞེས་པ་འཁྲབ་བཞིན་པ།

    2005ལོ་ནས་བཟུང་། ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། དེ་བཞིན་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་གཞན་དག་བཅས་ཀྱི་བྱེད་སྒོ་གལ་ཆེན་ལ་ཐེངས་མང་ཞུགས་མྱོང་བ་མ་ཟད། གཟི་བརྗིད་མཚན་སྙན་ཡང་མང་པོ་ཐོབ་ཡོད། 2007ལོར་སྒྱུ་རྩལ་ཚོགས་པས་ལྷ་ས་གྲོང་ཁྱེར་གྱི་ཚབ་བྱས་ཏེ་རང་སྐྱོང་ལྗོངས་སུ་གཉེར་བའི“ཏང་གི་ཚོགས་ཆེན་བཅུ་བདུན་པ་དགའ་བས་བསུ། འཕེལ་རྒྱས་གསར་པ་དང་། འཕོ་འགྱུར་གསར་པ། འཚོ་བ་གསར་པ་བཅས་ཀྱི་ལྗོངས་ཡོངས་ཀྱི་རིག་རྩལ་སྐོང་འཁྲབ”ལ་ཞུགས་ནས་གསེར་གྱི་རྟགས་མ་གཉིས་དང་། དངུལ་གྱི་རྟགས་མ་གསུམ། ཟངས་ཀྱི་རྟགས་མ་གསུམ་བཅས་བླངས་པ་དང་། 2009ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རྒྱལ་ཡོངས་ཀྱི་ཐོན་ལས(ལས་རིགས་ཁོངས་གཏོགས)རིག་རྩལ་འཁྲབ་སྟོན་གྱི་རིམ་སྤེལ་བྱེད་སྒོར་ཞུགས་པ་དང་འགྲན་ཞུགས་ལེ་ཚན་ཚང་མར་བྱ་དགའ་ཐོབ་པ། 2010ལོར་རྒྱལ་ཡོངས་ཀྱི་ཞིང་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་བྱེད་སྒོའི་ཁྲོད“རྫོང་རིམ་པའི་རིག་རྩལ་ཚོགས་པ་དང་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་ཚོགས་པའི་སྔོན་ཐོན་ཚན་པ”དང“ཞིང་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་སོགས་ཐོབ་ཡོད། ལྗིད་ཏིག་ཏིག་གི་གཟི་བརྗིད་དེ་དག་ནི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་མི་སྣའི་དཀའ་སྤྱད་རྔུལ་ཆུ་དང་འབད་བརྩོན་ལ་བརྟེན་ནས་བྱུང་བ་མ་ཟད། ཁོང་ཚོ་ཚང་མའི་སེམས་ནུས་ཀྱང་འདུས་ཡོད།

    འདི་ནི་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པའི་བྱ་དགའ་ཐོབ་པའི་ཞབས་བྲོ《རོ་བཅུད་ཆེ་བའི་རྩམ་པ》ཞེས་པ་འཁྲབབཞིན་པ།

    ལོ་མང་རིང་ལྗོངས་ནང་ཁུལ་གྱི་རྟེན་འབྲེལ་བྱེད་སྒོ་ཆེ་གྲས་ཁག་གཅིག་ལ་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་དང་། སྒྱུ་རྩལ་ཚོགས་པས་མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ས་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ། བར་ལའི་ཕུག་ལམ། ཡངས་པ་ཅན་གྱི་ཕུག་ལམ་སོགས་རང་ལྗོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་ཁག་འཛུགས་སྐྲུན་བྱ་ཡུལ་ལ་འཁྲབ་སྟོན་བྱས་ཡོད་ལ། ལྗོངས་ཕྱིའི་ཧྲན་ཏུང་དང་། ཀུའེ་ཀྲོའུ། ཁྲུང་ཆིང་། ཏ་ཆིང་། ཏ་ལེན། ལན་ཡུན་ཀང་སོགས་ལའང་འཁྲབ་སྟོན་བྱེད་མྱོང་ཡོད།

    འདི་ནི་འོང་སྐོར་རིང་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པས་རིག་རྩལ་གཤམ་སྐྱོད་བྱེད་སྒོ་སྤེལ་བཞིན་པ།

    ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། སྒྱུ་རྩལ་ཚོགས་པ་དེས་ད་དུང་བོད་ཀྱི་རིག་རྩལ་ལས་རིགས་ཀྱི་གྲགས་ཅན་མི་སྣ་གདན་དྲངས་ཏེ《བཀྲ་ཤིས་བསྟོད་དབྱངས》དང་། 《རོ་བཅུད་ཆེ་བའི་རྩམ་པ》 《ཁང་པ་གསར་པ་རྒྱག་པ》 《ཞིང་ས་གཤིན་པོར་དཀའ་སྤྱད་ལས་ལ་བརྩོན》སོགས་ཕུལ་བྱུང་གི་ལེ་ཚན་ཁག་གཅིག་བརྩམས་པར་ལྟད་མོ་བའི་དགའ་བསུ་ཐོབ་པ་མ་ཟད། བྱ་དགའ་ཡང་མང་པོ་ཐོབ་ཡོད།

    འདི་ནི་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པས་མི་རིགས་ཀྱི་གླུ་གར་ཆེ་གྲས《ཞིང་ས་གཤིན་པོར་དཀའ་སྤྱད་ལས་ལ་བརྩོན》ཞེས་པ་འཁྲབ་བཞིན་པ།

    “བོད་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་དང་ལྷ་ས་གྲོང་ཁྱེར་གྱི་ཁག་དང་པོའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཡིན་པའི་སྒྱུ་རྩལ་ཚོགས་པ་དེས་རྩ་འཛུགས་ཀྱི་དོ་དམ་དང་ལས་སྒོའི་གསོ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། ཕུལ་བྱུང་གི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་ཡག་པོ་བྱེད་པ་དང་རིག་རྩལ་རྟ་དམག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ནང་དང་མུ་ཁ་དང་། གྲོང་གསེབ་དང་འབྲོག་རར་བསྐྱོད་ནས་ཏང་དང་སྲིད་གཞུང་གི་གསུང་སྒྲ་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱས་ཏེ། རང་ལྗོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད”ཅེས་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ལིའུ་ཀྲེང་གིས་གསར་འགོད་པར་བཤད།

    འདི་ནི་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་བོད་ཀྱི་དགོད་བྲོའི་གཏམ་གླེང་མཁས་ཅན་ཐུབ་བསྟན་ལགས་ཀྱི་དངོས་མཚོན་པར་གཞི་པར་ལེན་སྐབས་ཀྱི་འཁྲབ་སྟོན་པའི་པར་ཡིན་པ།

    འདི་ནི་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས《འཇའ་ཚོན་སྣ་ལྔའི་སྣམ་བུ》ཞེས་པ་འཁྲབ་བཞིན་པ།

    (པར་ངོས་འདིའི་པར་ཚང་མ་ལྷ་ས་རྒྱང་ཆེན་ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།