དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བདེ་ཐང་ནི་ནོར་བུ་ཀུན་གྱི་མཆོག་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཡུང་དྲུང་ཚེ་དབང་།   |     སྤེལ་དུས།  2023-10-15

    སྐྱུར་མོ་ཞིག་དང་མ་ཕྲད་ན། མངར་མོ་ཐམས་ཅད་ཅང་ཅང་ཡིན་ཞེས་པ་ལྟར། དུས་རྒྱུན་འཚོ་བའི་ཁྲོད་སྐྱེ་བོ་སུ་ཞིག་ཡིན་རུང་མི་ལུས་རིན་ཆེན་ལ་ནད་གདོན་གྱི་བར་ཆད་འཕྲད་དུས། གཞི་ནས་མི་ལུས་རིན་ཆེན་ཞེས་པ་ནི་གསེར་གྱི་བཞུ་མར་འཁྱེར་ཏེ་བཙལ་ཀྱང་རྙེད་རྒྱུ་མེད་པ་དང་། བདེ་ཐང་ནི་རིན་ཆེན་ནོར་བུ་ལས་ཀྱང་ལྷག་པའི་མྱོང་བ་སྐྱེ་སྲིད། ད་ལོའི་བོད་ཟླ་དྲུག་པ་ཙམ་ལ། བདག་གི་ཨ་མ་དྲིན་ཆེན་ཁོང་སྙུན་གཞིས་རྐྱེན་པས་དུས་ཡུན་ཟླ་བ་གཅིག་ཙམ་སྨན་ཁང་དུ་སྨན་བཅོས་གནང་དགོས་འཁེལ་བྱུང་། ཟླ་བ་གཅིག་ཙམ་སྨན་ཁང་དུ་སྡོད་པའི་རིང་རང་ཉིད་ཀྱི་ངོས་ནས་བརྗོད་ན། དངོས་གནས་ཉིན་མ་ལོ་ལས་རིང་བའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་བྱུང་ལ། སེམས་ཁྲལ་གྱིས་ཟས་ལ་བཅུད་མེད་པ་དང་ཉལ་བར་གཉིད་མེད་པ་ལྟར་སྣང་། སྟབས་ལེགས་པར་ལས་དང་མཐུན་རྐྱེན་བཟང་པོའི་བཀའ་དྲིན་ལས་ཨ་མ་ལགས་ཀྱི་སྙུན་གཞི་ཉིན་རེ་ལས་མ་འདས་པར་དྲག་སྐྱེད་བྱུང་། འདས་པའི་ཉིན་དེ་དག་ནང་སེམས་ཁྲལ་དང་ལྷན་དུ་ངས་དོན་དག་མང་པོར་བསྐྱར་དུ་བསམ་གཞིག་བྱེད་དགོས་བྱུང་ཞིང་། སྙིང་ཉེ་བའི་མི་ལ་ནད་ཀྱིས་གདུང་སྐབས། བདེ་ཐང་ནི་ད་གཟོད་མི་ཚེའི་བརྒྱུད་རིམ་ཁྲོད་གལ་འགངས་དང་རིན་ཐང་ཆེ་ཤོས་དེ་ཡིན་པ་རྟོགས།

    འཇིག་རྟེན་འདིའི་སྐྱེ་བོར་མཚོན་ན། སེམས་ལ་སྡུག་བསྔལ་མེད་པ་དང་། ལུས་ལ་ན་ཚ་མེད་པ། ཁྱིམ་ཚང་འཆམ་མཐུན་དང་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་ནི་ད་གཟོད་མི་ཚེའི་དོན་ཆེན་ཞིག་ཏུ་གྱུར། དམངས་ཀྱི་མགོན་དུ་གྱུར་པའི་དཔོན་པོ་དང་། ཚོང་ལས་ལ་འཇུག་བཞིན་པའི་ཕྱུག་བདག དཔུང་པ་ས་འོག་ཏུ་བཅུག་ནས་ས་ཞིང་དང་འཐབ་བཞིན་པའི་ཞིང་པ། གྲོང་དང་གྲོང་ཁྱེར་དུ་ཞོར་ལས་ལ་བརྟེན་ནས་ཡོང་འབབ་གསོག་མཁན་སོགས་སྐྱེ་བོ་སུ་ཞིག་ཡིན་རུང་། མི་ཚེ་འདིའི་ནང་ཐར་ཐབས་མེད་པ་ནི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡིན། སྐྱེ་རྒ་ན་འཆི་ལ་ཁ་ཆད་མེད་པར་ནམ་ཞིག་ཡོང་མིན་སུས་ཀྱང་མི་ཤེས་པས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བདེ་ཐང་ལ་དོ་སྣང་བྱ་རྒྱུ་གལ་ཧ་ཅང་ཆེ། གལ་ཏེ་ཁྱེད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་འཐོབ་དགོས་ན་ངེས་པར་དུ་བདེ་ཐང་གི་ལུས་ཕུང་ཞིག་དགོས་ལ། ཁྱེད་ལ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་དགོས་ན་བདེ་ཐང་གི་ལུས་ཕུང་ཞིག་དགོས། ཁྱེད་ལ་དོན་སྙིང་ལྡན་པའི་མི་ཚེ་ཞིག་དགོས་ན་དེ་བས་བདེ་ཐང་གི་ལུས་ཕུང་ཞིག་ཅི་ནས་ཀྱང་མཁོ་བས། མདོར་ན་དམིགས་ཡུལ་གང་འདྲ་ཞིག་མངོན་འགྱུར་བྱེད་པའི་རྩ་བའི་རྨང་གཞི་ནི་བདེ་ཐང་དང་ཁ་བྲལ་ཐབས་ཡེ་ནས་མེད།

    འོན་ཀྱང་། ནམ་རྒྱུན་འཚོ་བའི་ཁྲོད་དུ་སྐྱེ་བོ་མི་ཉུང་བས་དུས་ཚོད་ཕལ་ཆེ་བ་དོན་མེད་ལས་རྙོག་ལ་སྤྱོད་པ་ལས། རང་སེམས་རྣལ་ལ་ཕབ་ནས་རང་གི་ལུས་པོར་བདག་གཅེས་བྱ་རྒྱུ་གཏིང་བརྗེད་དུ་འགྲོ་གི་ཡོད། དེ་ལྟར་ཉིན་གཅིག་ང་ཚོའི་ལུས་ཕུང་དེ་ལ་ནད་ཀྱིས་བཙན་འཛུལ་བྱེད་དུས། གཞི་ནས་ཨ་ཙི། ངའི་ལས་ལ་སྙིང་པོ་ཅི་ཡོད། ངས་གལ་ཆེ་རྒྱུ་མེད་པའི་དོན་དག་ཆེད་དུ་ཡར་རྒྱུག་མར་རྒྱུག་མང་པོ་བྱས་ཀྱང་ཐ་མ་བདེ་ཐང་ལ་སྣང་ཆུང་བྱས་པའི་དབང་གིས་ལུས་ཕུང་ནད་ཀྱིས་མནར་བ་དང་། དཀའ་བས་བསགས་པའི་དངུལ་ལོར་དེ་དག་ཀྱང་འཁྱུག་ཙམ་ཞིག་ལ་སྨན་རིན་དུ་སྟོངས་སོང་ཞེས་སྐད་རྒྱག་གིན་ཡོད།

    ད་ཐེངས་སྨན་ཁང་དུ་སྡོད་རིང་། ཕ་ཡུལ་གཞིས་རྩེ་ནས་ཡིན་པའི་རྨོ་བོ་ལགས་ཤིག་མཁྲིས་པའི་གཤགས་བཅོས་བྱེད་པར་ཡོང་འདུག རྨོ་བོ་ལགས་ཀྱི་ནད་གཡོག་གིས་རྨོ་བོ་ལགས་ལ་མཁྲིས་པའི་ན་ཚ་སྔ་ས་ནས་ཕོག་ཡོད། དེ་སྔོན་མཁྲིས་པར་ན་ཟུག་བཏང་སྟབས་རྫོང་སྨན་ཁང་ལ་བརྟག་དཔྱད་བྱས་པས་མཁྲིས་པར་རྡོ་ཡོད་པ་ཤེས་ཏེ་སྨན་པས་གཤགས་བཅོས་བྱེད་དགོས་པའི་བརྡ་ལན་བཏང་བྱུང་། འོན་ཏེ་རྨོ་བོ་ལགས་ཀྱིས་ན་ཟུག་འཇགས་ན་སྨན་ཁང་ལ་འགྲོ་དོན་མེད། དོན་མེད་ཀྱི་འགྲོ་སོང་འཐོལ་པ་རེད་ཅེས་གསུངས་ནས་ད་བར་སྨན་བཅོས་ནར་འགྱངས་བཏང་བ་རེད། ད་རེས་ཁོང་ལ་ན་ཟུག་ཆེན་པོ་བཏང་སྟེ་ཉལ་ཁྲི་ནས་ཀྱང་བབས་མ་ཐུབ་སྟབས་ད་གཟོད་སེམས་ཐག་ཆོད་པོས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཡོང་བ་ཡིན་ཟེར། ཞིང་འབྲོག་ཁུལ་དུ་ནད་གཡོག་དེས་བཤད་པ་ཇི་བཞིན་ནད་པ་མང་པོར་ལུས་ལ་ན་ཚ་ཕོག་ཡོད་པ་ཤེས་བཞིན་དུ་དངུལ་ལོར་ལ་ཕངས་སེམས་བྱས་ཏེ། ནད་གཞི་དུས་ཐོག་ཏུ་མ་བཅོས་པར་ནར་འགྱངས་སུ་བཏང་མཐར་ནད་གཞི་ཚབས་ལྕི་རུ་སོང་བའི་ནད་པ་མི་ཉུང་བ་ཡོད། གལ་ཏེ་ང་ཚོས་ནད་གཞི་དུས་ཐོག་ཏུ་བཅོས་ཚེ་འགྲོ་སོང་མང་པོ་ག་ལ་འགྲོ། འོན་ཏེ་ནད་གཞི་ནར་འགྱངས་བྱས་དྲགས་པའི་རྐྱེན་གྱིས་ཐ་ན་བཅོས་ཐབས་མེད་པའི་གནས་ཚུལ་ཡང་ཐོན་གྱི་ཡོད། དེར་བརྟེན་ང་ཚོས་ལུས་ལ་ནད་གཞི་ཕོག་ན་རང་འགུལ་ངང་དུས་ཐོག་ཏུ་སྨན་བཅོས་བྱེད་པར་འགྲོ་བའི་གོམས་གཤིས་ཤིག་ཅི་ནས་ཀྱང་འཇགས་དགོས། དེ་ནི་ཁྱེད་ཀྱི་ནད་གཞི་དྲག་སྐྱེད་འགྲོ་བའི་ཆེད་དུ་ཙམ་མ་ཟད། ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་བའི་ཐབས་ལམ་ཡག་ཤོས་ཤིག་ཀྱང་ཅི་ལ་མིན།

    གཞན་ཡང་། ཕ་ཡུལ་ནག་ཆུ་ནས་ཡིན་པའི་ནད་པ་ཞིག་འགྲིམ་འགྲུལ་ལས་འཛོལ་གྱིས་རྐྱེན་པས་ཚབས་ཆེན་ནད་ཁང་ICUདུ་སྨན་བཅོས་བྱེད་བཞིན་འདུག འཁྲིས་ཀྱི་ནད་གཡོག་དེ་ནི་ནད་པའི་གཅེན་པོ་ཡིན་ཞིང་། ཁོང་གིས་ནད་པས་ཆང་རག་བཏུངས་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་པས། ད་གཟོད་ཚབས་ཆེན་ནད་ཁང་དུ་སྡོད་དགོས་འཁེལ་བྱུང་ཟེར། ཁོས་ཟེར་ན་ཚབས་ཆེན་ནད་ཁང་དུ་སྨན་བཅོས་འགྲོ་སོང་ཁྲི་དང་ཁྲི་འགྲོ་ཡི་འདུག ལྷག་པར་དུ་ཁོའི་གཅུང་པོ་ནི་ཆང་རག་བཏུངས་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་པ་ཞིག་ཡིན་སྟབས། སྨན་རིན་རྩིས་ཞུ་ཧ་ལམ་མེད་ས་རེད་ཅེས་ཟེར། གལ་ཏེ་དེ་ལྟར་ཡིན་ཚེ་དངོས་གནས་མི་གཅིག་གི་བྱས་ཉེས་ཀྱིས་ཁྱིམ་ཚང་ཚ་སོབ་སོབ་དེ་མེད་པར་བཟོས་པ་དང་གཉིས་སུ་མ་མཆིས། དེས་ན་ང་ཚོས་དུས་དང་རྣམ་པ་ཀུན་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སེམས་ལ་བརྟན་པོར་ངེས་ཏེ། ཆང་རག་བཏུངས་ནས་རླངས་འཁོར་རྩ་བ་ནས་གཏོང་མི་ཉན།

    ཡང་ཉིན་ཞིག་རང་ཉིད་ཨ་མ་ལགས་ཁྲིད་ནས་སྨན་ཁང་གི་སྒོ་རའི་ནང་འཆམ་འཆམ་དུ་འགྲོ་དུས། ཕ་ཡུལ་ལྷུན་གྲུབ་རྫོང་ནས་ཡིན་པའི་བུད་མེད་ཅིག་གིས་ཁོག་ནང་དུ་གཤགས་བཅོས་ཆུང་ཆུང་ཞིག་བྱས་པ་ཡིན་ཟེར། བུད་མེད་དེས་ཟེར་ན། རང་ཉིད་མཉམ་ལས་སྨན་བཅོས་ལ་ཞུགས་དུས་ཁྱིམ་ནས་མ་དངུལ་ཚད་གཞི་ཉུང་ཤོས་དེ་ལས་བསྐྱལ་མེད་པས། སྨན་རིན་གྱི་རྩིས་ཞུ་མཐོ་པོ་རག་ཨེ་ཡོང་ཞེས་སེམས་ཁྲལ་བྱེད་ཀྱི་འདུག དོན་དངོས་ཐོག་དེ་ལ་སེམས་ཁྲལ་བྱས་ཀྱང་ཕན་པ་ཅི་ཡོད། དེ་ལས་ཕྱི་ལོ་ནས་བཟུང་མཉམ་ལས་སྨན་བཅོས་ཀྱི་སྲིད་ཇུས་བཟང་པོར་ལྟ་སྟངས་ཡང་དག་ཅིག་འཛིན་ནས། ནང་མི་ཡོངས་ལ་སྨན་བཅོས་འགན་སྲུང་གི་མ་དངུལ་ཚད་གཞི་མཐོ་ཤོས་དེ་བསྐྱལ་པ་ཡིན་ན་དོན་མེད་ཀྱི་སེམས་ཁྲལ་དེ་ལྟ་བུ་ཡོང་དོན་ག་ལ་ཡོད། དུས་རྒྱུན་ནས་ང་ཚོས་མིག་རྒྱང་རིང་ཙམ་ཞིག་ལ་བསམ་བློ་བཏང་ནས་མཉམ་ལས་སྨན་བཅོས་ནང་ཞུགས་དགོས་པ་གང་ཞིག་མཉམ་ལས་སྨན་བཅོས་ཀྱི་མ་དངུལ་ཚད་གཞི་མཐོ་ཤོས་དེ་སྐྱེལ་གང་ཐུབ་བྱེད་དགོས། དེ་ལྟར་བྱས་ན་ཕྱིས་འབྱུང་གལ་ཏེ་རང་ལ་ནད་གཞི་ཕོག་སྟེ་སྨན་རིན་མང་པོ་སྤྲོད་དགོས་བྱུང་ཡང་ཁྱེད་ཀྱིས་མ་དངུལ་མཐོ་ཤོས་དེ་བསྐྱལ་བའི་དོད་ཀྱིས་སྨན་རིན་མང་ཆེ་བ་རྩིས་ཞུ་ཡོང་ངེས་རེད། བདག་གི་ཨ་མ་ལགས་ལ་མཚོན་ན་ཡང་། ལོ་རེའི་མཉམ་ལས་སྨན་བཅོས་ཀྱི་འགན་སྲུང་མ་དངུལ་མཐོ་ཤོས་དེ་བསྐྱལ་བས། ད་ལོ་ཁོང་གི་སྙུན་གཞིར་སྨན་རིན་ངེས་ཅན་ཞིག་སོང་ཡང་། སྨན་ཁང་ནས་དོན་དུས་སྒོར་སྟོང་ཕྲག་འགའ་ཤས་ལས་སྐྱེལ་དགོས་མ་བྱུང་།

    མེ་ཏོག་སྐྱེ་འཚར་ཡག་པོ་ཞིག་དགོས་ན་ཉི་འོད་ལ་བརྟེན་དགོས་པ་དང་། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དགོས་ན་བདེ་ཐང་ལ་བརྟེན་དགོས། བདེ་ཐང་མེད་པའི་འཚོ་བ་ལ་བདེ་སྐྱིད་གླེང་ཐབས་བྲལ་ཞིང་། བདེ་ཐང་མེད་པའི་མི་ཚེར་གྲུབ་འབྲས་གླེང་རིན་ཅི་ཡང་མེད། བདེ་ཐང་ནི་མི་ཚེའི་རྒྱུ་ནོར་རྩ་ཆེ་ཤོས་དེ་ཡིན་ལ། ནམ་རྒྱུན་ང་ཚོས་ཧོལ་རྒྱུག་འགྲོ་བདེ་ཤོས་དེའང་ཡིན་པས་ན། བདེ་ཐང་རང་གི་ལག་ཏུ་ཡོད་དུས་ངེས་པར་དུ་བདག་གཅེས་གང་ལེགས་བྱེད་དགོས། བདེ་ཐང་མེད་ན་རང་གི་དགའ་བའི་ལས་ཀར་ཇི་ལྟར་འཇུག བདེ་ཐང་མེད་ན་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་ཇི་ལྟར་རོལ། བདེ་ཐང་མེད་ན་མི་ཚེར་རོ་བཅུད་མེད། མདོར་ན། བདེ་ཐང་མེད་ན་ཐམས་ཅད་མེད་པ་དང་མཚུངས་པས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བདེ་ཐང་ལ་སྣང་ཆེན་བྱེད་དགོས་ཏེ། འཇིག་རྟེན་འདིར་བདེ་ཐང་ལས་ལྷག་པའི་ནོར་བུ་མཆོག་ཏུ་གྱུར་པ་ཞིག་རྙེད་ཐབས་ཡེ་ནས་མེད་པའོ།།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།