ལོ་ཙཱའི་བརྡ་དོན་དང་འབྲེལ་ནས་སྒྱུར་ཐབས་སྐོར་ལ་རགས་ཙམ་དཔྱད་པ།
དེ་ཡང་ལོ་ཙཱ་ཞེས་པ་ནི་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞིའི་ཡ་གྱལ་ལེགས་སྦྱར་གྱི་སྐད་དོད་ལོ་ཀ་དང་ཙཀྵུ་བསྡུས་པ་ཡིན་པ་དང་། ལོ་ཀ་འཇིག་རྟེན་དང་། ཙཀྵུ་མིག་གི་དོན་ཡིན་པ་དང་། དེའི་མཇུག་ཏུ་བདག་སྒྲ་སྦྱར་ནས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ལ་འཇིག་རྟེན་མིག་ཅེས་པ་ནི། མི་རིགས་གཞན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཤེས་བྱ་རྣམས་རང་མི་རིགས་ཀྱི་སྐད་ཡིག་ནས་བརྡ་སྤྲོད་མཛད་པ་ལ་བརྟེན་ནས་བློ་གྲོས་ཀྱི་མིག་གསར་པ་ཞིག་སྦྱིན་པར་མཛད་མཁན་ཡིན་པའི་དོན་དུ་འགྲེལ་བ་ནི་ཕྱོགས་གཅིག་ནས་སྒྲ་སྒྱུར་ལོ་ཙཱ་བར་གཙིགས་ཆེན་གྱི་ཆེ་བསྟོད་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་གོང་ནས་གོང་དུ་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་བའི་མཛད་འཕྲིན་རླབས་པོ་ཆེ་ནས་ཀྱང་མིང་དེ་ལྟར་ཐོགས་པའང་དོན་ལ་ཤིན་ཏུ་འཐད་པ་ཞིག་ཡིན།
ལོ་ཙཱ་བ་ཞིག་གི་ངོས་ནས་བཤད་ཚེ། མ་མཐར་ཡང་ཡིག་རིགས་གཉིས་ཤེས་དགོས་པ་མ་ཟད་སྐད་རིགས་གཉིས་ལ་གོ་བ་གཏིང་ཚུགས་པ་ཞིག་དགོས་པ་ནི་ལོ་ཙཱ་བའི་མ་མཐའི་རྨང་གཞི་ཡིན། ལོ་ཙཱ་བ་ཞེས་པར་གཙོ་བོ་སྐད་ཡིག་མི་འདྲ་བའི་དབར་བརྗེ་རེས་བྱེད་མཁན་སོགས་མཚན་ཉིད་མང་པོ་འཇོག་ཀྱང་། བོད་ལ་ཆ་མཚོན་ན། བཀའ་དྲིན་ཤིན་ཏུ་ཆེ་བའི་སྔོན་བྱོན་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་དེང་སྐབས་འཛམ་གླིང་ཐོག་བོད་ཀྱི་བཀའ་བསྟན་འགྱུར་སོགས་མང་དག་ཅིག་མིག་ལམ་དུ་མཇལ་རྒྱུ་ཡོད་པ་དེ་དག་ལ་མི་རིགས་གཞན་དག་གི་སྐད་ཡིག་ནས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་བའི་རྣམ་པ་མེད་པར་མི་རིགས་རང་ཉིད་ཀྱི་རྩོམ་པ་པོས་བརྩམས་པ་དང་ཁྱད་པར་མེད་པའི་ཚིག་སྦྱོར་བདེ་ཞིང་བརྗོད་བྱ་གནད་ལ་འཁེལ་ཞིང་ནང་དོན་ཤིན་ཏུ་ཟབ་ལ་གོ་བ་ལེན་རྒྱུ་ཡོད་པ་དུ་མ་ལྡན་པས། རང་སྐད་ཀྱི་དགེ་མཚན་རྫོགས་པར་སྟོན་ཐུབ་པའི་འགྱུར་དག་མ་ཞིག་ཏུ་གྲུབ་པས་ན། ལོ་ཙཱ་བར་སྐད་གཉིས་བརྗེ་སྒྱུར་ཙམ་མིན་པའི་ལོ་ཙཱའི་སྒྱུར་ཐབས་དང་ལག་ལེན་གྱི་གནད་མང་པོ་ཁོང་དུ་ཆུད་དགོས་པ་ནི་སྨོས་མ་དགོས་པ་ཞིག་ཡིན།
ལོ་ཙཱར་ཆ་བཞག་ན་ལོ་ཙཱའི་སྒྱུར་ཐབས་ལ་དོན་སྒྱུར་དང་། ཐད་སྒྱུར། སྒྲ་ཟུར་ཆག་དང་རང་སོར་སྒྱུར་ཚུལ་སོགས་མང་པོ་ཡོད། ལེགས་སྦྱར་ཡི་གེ་ལས་བོད་ཡིག་ཏུ་བཀའ་བསྟན་བཅོས་ཀྱི་གླེགས་བམ་སྒྱུར་བའི་དུས་སུ་ལོ་ཙཱ་བ་རྣམས་ཀྱིས་ཇི་ལྟར་སྒྱུར་བའི་ཚུལ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དབོན་སྲས་ཀྱི་སྐུ་རིང་ལ་སྒྱུར་ཚུལ་སྐོར་བཀས་བཅད་པའི་ཡི་གེ་སྒྲ་སྦྱོར་བམ་གཉིས་ཞེས་བྱ་བ་དང་། བྱེ་བྲག་རྟོགས་བྱེད་ཅེས་བྱ་བར་ཁུངས་འདེད་པ་ཡིན།
དང་པོ། དོན་སྒྱུར་ཇི་ལྟར་བྱེད་ཚུལ་སྐོར།
དོན་སྒྱུར་ནི་རྩ་བའི་དོན་དང་མི་འགལ་བའི་ཁར་ལེགས་སྦྱར་གྱི་ཡིག་སྒྱུར་རམ་རྒྱ་ཡིག་གང་ཡིན་ཡང་བརྗོད་དོན་ཇི་མ་ཇི་བཞིན་དུ་སྟོན་པ་དང་རྗོད་བྱེད་ཀྱི་ཚིག་གསལ་ཞིང་གོ་བདེ་བར་བྱ་རྒྱུ་དེ་རེད། དཔེར་ན། ལེགས་སྦྱར་གྱི་སྐད་པཱ་ར་མི་ཏ་ཞེས་པར་བོད་སྐད་དུ་ཕ་རོལ་དུ་ཕྱིན་པ་ཞེས་བསྒྱུར་བ་སྟེ། ཕ་རོལ་དུ་ཕྱིན་པའི་དོན་ནི་ཆུ་ཀླུང་ཆེན་པོའི་ཚུར་རོལ་ནས་ཕ་རོལ་དུ་བརྒལ་བར་གོ་རྒྱུ་དང་དོན་ངོ་མར་འཇིག་རྟེན་འདི་ནས་འཕོས་ཏེ་ཞིང་གཞན་དུ་སྐྱེ་བར་གོ་དགོས། ཡོ་ག་ལ་རྣལ་འབྱོར་དུ་བསྒྱུར་བ་ནི་རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའང་འབྱོར་བའི་དོན་མཐུན་པར་བསྒྱུར་བ་དང་། ས་ཏྭ་ལ་སེམས་དཔར་བསྒྱུར་བ་ནི་གཞན་གྱི་དོན་གྲུབ་པ་གཙོ་བོར་ཡིད་ལ་སེམས་པའི་ཆ་ནས་སེམས་པ་ཞེས་པ་ཡིན་ན་ཡང་གཞན་དོན་སྒྲུབ་པར་ལ་མི་ཞུམ་པའི་སེམས་དཔའ་བ་དང་ལྡན་པའི་དོན་མཐུན་པ་བྱས་པ་ནི་ལོ་ཙཱ་བ་རྣམས་ཀྱིས་དོན་ཇེ་གསལ་དུ་བཏང་བ་ལྟ་བུ་དང་། ལེགས་སྦྱར་གྱི་སྐད་ཀ་ལ་པིངྐ་ཞེས་པ་ནི་རྒྱ་མཚོའི་གླིང་ན་གནས་པའི་བྱ་རིགས་ཤིག་གི་མིང་ཡིན་པ་དང་། བོད་སྐད་དུ་བསྒྱུར་ན་སྙན་སྒྲོག་ཅེས་འགྱུར་བར་སི་ཏུས་འཆི་མེད་མཛོད་ཀྱི་འགྲེལ་པ་ལས་གསུངས་ཤིང་། དེའི་མཚན་ཉིད་ནི་སློབ་དཔོན་ཡེ་ཤེས་རྡོ་རྗེས་ཀ་ལ་པིངྐ་ནི་སྐད་ཤིན་ཏུ་སྙན་ཞིང་བྱ་རིགས་རྒྱ་མཚོའི་གླིང་ན་གནས་པ་ཞིག་གོ་ཞེས་གསུངས། རྒྱུན་དུ་དོན་སྒྱུར་བྱས་དྲགས་ན་ལོག་སྒྱུར་ཏུ་འགྲོ་ཉེན་ཆེན་པོ་ཡོད་པས་ལོ་ཙཱ་བར་སྐབས་དོན་བརྗོད་བྱར་བསམ་གཞིག་མང་ཙམ་བྱེད་དགོས་པའོ།
གཉིས་པ། ཐད་སྒྱུར་ཇི་ལྟར་བྱེད་ཚུལ་སྐོར།
ཐད་སྒྱུར་ནི་ལེགས་སྦྱར་རམ་རྒྱ་ཡིག་གང་ཡིན་ཡང་གོ་རིམ་མ་བརྗེས་པ་སྐད་དོན་བསྒྱུར་བྱའི་ཁྱད་ཆོས་འདྲ་མཚུངས་ཡོང་བ་བྱ་རྒྱུར་དམིགས་ནས་རྩོམ་ལུས་ཀྱི་རྣམ་པ་ཇི་བཞིན་བོད་སྐད་དུ་བསྒྱུར་བ་དེར་བརྗོད།
1.ལེགས་སྦྱར་ནས་བོད་སྐད་དུ་ཐད་བསྒྱུར་བྱེད་ཚུལ་དཔེར་ན། མངྒ་ཌཱ་ཀི་ཞེས་པར་མངྒ་ནི་བཀྲ་ཤིས་དང་ཌཱ་ཀི་ནི་མཁའ་འགྲོ་ལ་འཇུག་པས་བཀྲ་ཤིས་མཁའ་འགྲོ་ཞེས་བསྒྱུར་གནང་ཡོད། རཏྣ་རིན་ཆེན་དང་ཀ་རཿའབྱུང་གནས་ཡིན་པས་རིན་ཆེན་འབྱུང་གནས་སོ། ཌཱ་ཀི་ཤྭ་རཿནི་མཁའ་འགྲོ་དབང་ཕྱུག་ཅེས་པ་གོང་བཞིན་རིགས་འགྲེས། རིན་པོ་ཚེ་ཨིནྡྲ་ནཱི་ལ་ཞེས་དབང་སྔོན་ཏེ་ཨིནྡྲ་ནི་དབང་པོ་དང་ནཱི་ལ་ནི་སྔོན་པོ་ཡིན་པས་དབང་སྔོན་དུ་བསྒྱུར་བ་འདི་ལྟ་བུ་ནི་ལེགས་སྦྱར་སྐད་ནས་བོད་སྐད་ཐོག་ཏུ་ཐད་བསྒྱུར་བྱས་པའི་ཚུལ་ལོ།
2. རྒྱ་ཡིག་ནས་བོད་ཡིག་ཏུ་ཐད་བསྒྱུར་བྱེད་ཚུལ། སྒྲ་ཐད་སྒྱུར་ནི་མིང་གཞན་ནས་གཡར་བར་ཟེར། རྒྱ་ནག་གི་སྐད་སོར་བཞག་བྱས་རྗེས་བོད་ཡིག་ཐོག་ཚད་ལྡན་ལྟ་བུར་གྱུར་པ་དཔེར་ན། རྒྱ་ནག་གི་སྐད་葱ལྟ་བུར་བོད་སྐད་དུ་ཙོང་དང་། 萝卜ལྟ་བུར་ལ་ཕུག 芥子ཞེས་པར་སྐེ་ཚེ། 铺盖ཞེས་པར་ཕོ་ཁེབས་སོགས་ཚད་ལྡན་དག་ཡིག་ཐོག་ཏུའང་འཁོད་པ་མ་ཟད་འབྲི་སྟངས་གཅིག་མཚུངས་སུ་ཡང་གྱུར་ཡོད་པ་དོ་སྣང་ཅན་གྱི་མིག་ལམ་དུ་མཐོང་དང་མཐོང་བཞིན་པ་དང་། ད་དུང་རྒྱ་བོད་ཚིག་མཛོད་ལས། 春种一粒粟,秋收万颗子。དཔྱིད་དུས་འབྲུ་རྡོག་གཅིག་བཏབ་པར། སྟོན་དུས་འབྲུ་རྡོག་ཁྲི་ཕྲག་བསྡུས། ཞེས་རྒྱ་བོད་ཤན་སྦྱར་དུ་འདི་ལྟར་བསྒྱུར་ཡོད། དེའི་ནང་རྒྱ་ཡིག་གི་万ཞེས་པ་མ་གཞི་མང་ཚིག་ཡིན་མོད། འོན་ཀྱང་ཐད་སྒྱུར་དེ་ལྟར་བྱས་པའི་དབང་དུ་བཏང་ན་འབྲུ་རྡོག་གཅིག་བཏབ་པར་འབྲུ་རྡོག་ཁྲི་ཕྲག་ཡོང་བ་ནི་དོན་ལ་མི་གནས་ཤིང་བོད་ཡིག་ཐོག་ཁྲི་ཕྲག་ཅེས་པ་ནི་ཁྲི་བཅུ་ཕྲག་ཅེས་པའི་དོན་ཡིན་པ་ལས་མང་ཚིག་ཁོ་ནར་གོ་བ་ལེན་མཁན་ནི་ཤིན་ཏུ་ནས་ཉུང་། བོད་ཀྱི་གཏམ་དཔེར། སྲན་བཅུ་མི་ལོན་། འབྲུ་བརྒྱ་མི་ལོན་ཞེས་པ་ལྟར་དེར་རྒྱུ་མཚན་ཆེན་པོ་ལྡན་ཡོད་དེ་སྲན་མ་ལྒང་བུ་གཅིག་ནང་སྲན་རྡོག་ག་ཚོད་མང་ནའང་བཅུ་མི་ལོན་པ་དང་གྲོ་དང་ནས་ཀྱི་སྙེ་ཤ་རྒྱགས་པ་ག་ཚོད་ཡོད་ཀྱང་སྙེ་མ་གཅིག་གི་ནང་འབྲུ་རྡོག་བརྒྱ་ལོན་མེད་ཅེས་པའི་དོན་ཡིན་པའི་ཕྱིར་རོ། དེ་བཞིན་ཨ་ན་ཨུ་ཚུགས་ཀྱིས་གོང་ལྟར་བསྒྱུར་ན་བོད་ཀྱི་སྐད་ཡིག་ནང་དང་ཡུལ་སྐད་གང་དུའང་ཤོད་སྲོལ་མེད་པ་ཞིག་དང་། ཐད་སྒྱུར་བྱས་དྲགས་ན་བཙན་སྒྱུར་དུ་འགྲོ་ཉེན་ཆེན་པོ་ཡོད་པ་ཤེས་དགོས། དོན་དམ་དུ། བོད་སྐད་ཀྱི་འགྲོས་དང་ཤིན་ཏུ་འཐད་པ་ཞིག་སྒྱུར་མ་ཐུབ་ནའང་ཉེ་བ་ཞིག་ངེས་པར་དུ་སྒྱུར་དགོས་པ་སྟེ། དཔེར་ན། དཔྱིད་སོན་བཟང་བཏབ། སྟོན་འབྲས་བཟང་སྨིན་ལྟ་བུའམ་ཡང་ན་དཔྱིད་ས་བོན་འདེབས། སྟོན་ལོ་ལེགས་བྱུང་། ལྟ་བུར་བསྒྱུར་ན་ལེགས་པར་སེམས་སོ།
གསུམ་པ། སྒྲ་ཟུར་ཆག་དང་སྒྲ་རང་སོར་སྒྱུར་ཚུལ་སྐོར་།
དཔེར་ན། ལྟེང་ཀ་སྟེ་ཆུ་མིག་སྐྱ་རེངས་གསལ་བར་མིང་མཐའ་འདྲེན་ཚུལ་ལ་བརྟག་པ་བྱས་ཡོད་ཅེས་གསུངས་པ་དེ་བདེན་མོད། འོན་ཀྱང་ལེགས་སྦྱར་གྱི་ཏ་ཌཀྲ་ཟུར་ཆག་པ་དང་། ཀལྤ་ཞེས་པ་དུས་རིང་མོའི་མིང་བསྐལ་པ་ཞེས་སྔོན་འཇུག་བ་ཡིག་དང་ས་མགོ་སྦྱར་ཡོད་པས་དོན་དུ་ལེགས་སྦྱར་ཀཔླ་ཞེས་པ་ལས་ཟུར་ཆག་པ་དང་། པུསྟི་ཀ་ཞེས་གླེགས་བམ་སྟེ་པོ་ཏི་རུ་ཟུར་དུ་ཆག་པ། ཀྲི་ག་ལྟ་བུ་ནི་ཏྲི་ཀཱ་ལས་ཟུར་ཆག་པ་དང་། ཆུ་ལས་སྐྱེས་པའི་མེ་ཏོག་པདྨ་དང་། འདབ་མའི་དཀྱུས་ཕྲ་ཞིང་རིང་བའི་མེ་ཏོག་ཨུཏྤལ། དྲི་ཞིམ་གྱི་ངད་ལྡང་བའི་སྡོང་པོ་ཙནྡན། རྭ་ཅོ་དང་འདྲ་བའི་སྦུབས་སུ་སྐྱེས་པའི་མེ་ཏོག་ཙམྤ་ཀ་སྒྲ་རང་སོར་བཞག་ཡོད་ཅིང་གླང་ཆེན་ཁ་འབབ་ཀྱི་ཆུ་ཀླུང་ཆེན་པོ་གངྒཱ་ཞེས་པ་ལྟ་བུ་རྣམས་ནི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཡིག་དོན་ལྟར་བསྒྱུར་ན་འགངས་མི་ཆེ་བར་བསམས་ནས་ཡིག་གཟུགས་ཀྱང་མ་འགྱུར་བར་བཀོད་པ་ཤུགས་ཆེ་བ་དང་། གལ་ཏེ་བསྒྱུར་ན་གངྒཱ་ཞེས་པ་འགྲོ་ལྡན་མར་བསྒྱུར་ཆོག་ཀྱང་དེ་ལྟར་མ་བསྒྱུར་བར་རང་སོར་བཞག་པའི་དགོས་པ་གངྒཱ་ཞེས་བརྗོད་ན་ཀུན་གྱིས་ཤེས་སླ་བའི་ཕྱིར་དང་། དཔེ་དེ་དང་འདྲ་བ་ནི་ཡུལ་གཞན་དུ་མེད་པའི་རྩམ་པ་དང་། གངས་ཏི་སེ། ཡར་ཀླུང་གཙང་པོ་རྣམས་ཀྱི་མིང་ཡང་ཟུར་ཅུང་ཟད་རེ་ཉམས་ནས་འབོད་པའི་ཐ་སྙད་སྒྲ་རང་སོར་བཞག་པ་བགྲང་གིས་མི་ལང་པ་ཞིག་ཡོད་པས་འདིར་བརྗོད་པ་རྣམས་ཀྱིས་མཚོན་ནུས་པའོ།
གཞན་ཡང་། རྩོམ་ཡིག་གཞན་དག་དང་གསར་འགྱུར་དབར་གྱི་ཡིག་སྒྱུར་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ལྡན་ཡོད། རྩོམ་ཡིག་གཞན་དག་དཔེར་ན་གྲགས་ཅན་མི་སྣ་སོགས་ལ་བསྟོད་པ་དང་། མེས་རྒྱལ་ལ་བསྟོད་པ། མི་དམངས་ལ་བསྟོད་པ། དཔའ་བོར་བསྟོད་པ་སོགས་སྒྱུར་དགོས་ཚེ་ཚིག་སྦྱོར་ལེགས་པར་བཀླུབས་ཤིང་མངོན་བརྗོད་དང་སྙན་ངག་སོགས་རྒྱན་གྱིས་སྤུད་ཐུབ་ན་བོད་ཀྱི་བརྡ་སྤྲོད་ཀྱི་བྲོ་བ་དང་ལྡན་ཞིང་ཚིག་ཉམས་དོད་པོ་རང་ཤུགས་སུ་ཡོང་ཐུབ་ཀྱི་ཡོད་པས་ཀློག་པ་པོར་ལྟ་འདོད་ཀྱི་སྤྲོ་བ་སྦྱིན་སྲིད། ཐང་རྒྱལ་རབས་ཀྱི་སྙན་ཚིག་ཁག་སུམ་བརྒྱའི་ཁྲོད་ཀྲང་ཅིའུ་ལིང་གི་སྙན་ཚིག དཔེར་ན། 海上生明月,天涯共此时。情人怨遥夜,竟夕起相思。灭烛怜光满,披衣觉露滋。不堪盈手赠,还寝梦佳期。ཞེས་པ་ཕུན་ཚོགས་ཚེ་རིང་གིས་བོད་ཡིག་ཏུ་བསྒྱུར་བའི་ནང་། མཐའ་ཡས་རྒྱ་མཚོའི་སྟེང་ནས། །དཀར་གསལ་ཟླ་བ་ཤར་བྱུང་། །ཁྱེད་དང་ངེད་གཉིས་མཉམ་དུ། །ལྷན་ཅིག་ཟླ་བ་མཐོང་བྱུང་། །བརྩེ་བའི་གྲོགས་སྙིང་དམ་པ། །ནམ་རིང་འཁྱོལ་བ་དཀའ་བྱུང་། །མཚན་གང་བྱམས་པའི་བཞིན་རས། །ཡིད་ལ་ཝ་ལེ་ཝ་ལེ། །དམར་དམར་སྒྲོན་མེ་བསྣུབས་ཏེ། །དཀའ་གསལ་ཟླ་འོད་འཕྲོས་པ། །ཟིལ་བ་ཡང་ཡང་བབས་པས། །གྱོན་པར་ལྷེབ་གོན་བརྒྱབ་ཡོད། །ཟླ་བ་ལག་ཏུ་བླངས་ཏེ། །ཁྱེད་ལ་འབུལ་ནི་མི་ཐུབ། །དེ་ལས་ཁྱིམ་དུ་ལོག་ནས། །མཚན་མོའི་རྨི་ལམ་ནང་དུ། །མཇལ་བའི་སྨོན་ལམ་ཞུས་ཆོག ཅེས་པ་ལྟ་བུར་སྒྱུར་ཤན་ཆེན་པོ་མི་ཞུགས་ཤིང་བོད་ཡིག་རང་གི་འགྲོས་དང་བསྟུན་ནས་བྲིས་པ་ལྟ་བུའི་བྲོ་བ་ལྡན་ཡོད། གལ་སྲིད་གསར་འགྱུར་གཅིག་པུར་ཆ་བཞག་ན་སྒྱུར་སྟངས་དེ་ལས་ལྡོག་སྟེ་གསར་འགྱུར་གྱི་ཁ་ཕྱོགས་ནི་རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་ལོ་ན་རྒན་གཞོན་དང་། ཡོན་ཏན་ཆེ་ཆུང་། ལས་རིགས་སྣ་ཚོགས་ཀྱི་མི་སྣ་སུས་བལྟས་ནའང་གོ་ཐུབ་པ་ཞིག་དགོས། གསར་འགྱུར་གྱི་ཚིག་སྦྱོར་ནི་མངོན་བརྗོད་དང་སྙན་ངག་སོགས་ཀྱིས་མ་བཅིངས་པར་ཁ་གསལ་ཞིང་གོ་བདེ་བ་དང་ཚིག་རྫོབ་མེད་ཅིང་བརྗོད་དོན་འབུར་དུ་ཐོན་ཐུབ་པ་ཞིག་དགོས། གསར་འགྱུར་འབྲི་མཁན་དང་གསར་འགྱུར་ལོ་ཙཱ་བྱེད་མཁན་སུ་ཡིན་རུང་རང་ནུས་ཡོད་ཚད་ཀྱིས་དོན་དངོས་གང་ཡིན་པ་དེའི་ངོ་བོར་འགྱུར་བ་མེད་པར་ཇི་མ་ཇི་བཞིན་མཚོན་ཐུབ་པ་ཞིག་བྱེད་དགོས་ཏེ་དཔེར་ན།
毛泽东思想是马克思列宁主义在中国的运用和发展,是被实践证明了的关于中国革命和建设的正确的理论原则和经验总结,是中国共产党集体智慧的结晶。
མའོ་ཙེ་ཏུང་དགོངས་པ་ནི་ཀྲུང་གོར་མར་ཁེ་སི་ལེ་ཉིང་རིང་ལུགས་བེད་སྤྱོད་དང་འཕེལ་རྒྱས་བཏང་བ་ཞིག་དང་།ལག་ལེན་གྱི་ཐོག་ནས་ར་འཕྲོད་གསལ་པོ་བྱུང་བའི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་སྐོར་གྱི་ཡང་དག་པའི་རིགས་པའི་གཞུང་ལུགས་ཀྱི་རྩ་དོན་དང་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ཞིག ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མོང་གི་བློ་གྲོས་ལས་གྲུབ་པའི་སྙིང་བཅུད་ཡིན་པ་བཅས་ལོ་ཙཱའི་རིག་གཞུང་རྒྱ་མཚོ་བཞིན་དང་ནམ་མཁའི་སྐར་ཚོགས་ལྟ་བུ་ཡིན་པ་རིག་གཞུང་ལ་རྒྱུས་མངའ་ཡོད་མཁན་གྱིས་མཐོང་ཆོས་མྱོང་གྱུར་དང་འགྱུར་བཞིན་ཡོད་པ་ནི་སྨོས་མེད་ཡིན་ལ་འདིར་ཆུ་ཐིགས་ཙམ་ཞིག་བླངས་ནས་དཔྱོད་ལྡན་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བས་རྒྱ་ཆེའི་གཟིགས་པ་པོ་རྣམས་ནས་ལེགས་བཅོས་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་ཡོད་པར་ཞུའོ།
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའི་བསོད་ནམས་དབང་ཕྱུག)