དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཞོགས་པའི་དཔེ་ཀློག་ལ་བསྔགས་པ་དྲི་ཟའི་གླིང་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-08

    མཚན་མོའི་མཁའ་ལ་རྒྱུ་སྐར་བགྲང་ཡས་ཀྱང་། །

    ཟླ་འོད་ཁོ་ནས་ཀུནྡ་བཞད་པ་བཞིན། །

    བློ་ཡི་དབུལ་བ་སེལ་བའི་ཐབས་མང་ཡང་། །

    འཕྲུལ་གྱི་འཁོར་ལོ་ཀློག་ལ་འཇུག་པ་ཉིད། །


    ཐུན་དྲུག་ཉིན་མཚན་རེས་སུ་འཁོར་ན་ཡང་། །

    ཞོགས་པ་ལས་ལྷག་དུས་ཤིག་གང་ན་མཆིས། །

    གང་དེ་གཅེས་སུ་འཛིན་པའི་སྐྱེས་བུ་ལ། །

    ཡོན་ཏན་སྣ་ཚོགས་འབྱོར་བ་གཏམ་དུ་ཡོད། །


    སྔོན་ཚེ་ཤེས་བརྩོན་འདབ་མ་ཅན་དག་གིས། །

    ཐོ་རེངས་སྟག་ལ་མལ་ཐུལ་ཡོངས་དོར་ཏེ། །

    སྤོས་ཀྱི་འོད་ཆ་ཙམ་དང་ཟླ་བའི་འོད། །

    གྲོགས་སུ་བརྟེན་ནས་ཀློག་ལ་སྦྱོང་ངོ་ཟེར། །


    དེང་རབས་གློག་གི་རྫུ་འཕྲུལ་ཁྱད་འཕགས་ཀྱིས། །

    རབ་བསྐྲུན་འོད་དཀར་བྱེ་བས་ཡོངས་གང་བའི། །

    ཆེས་དཀར་སློབ་ཁང་ནང་དུ་བློ་གསར་ཚོགས། །

    དཔེ་འཛིན་སྐྱོར་སྦྱངས་བྱེད་པའི་དཔལ་ཡོན་བཀྲ། །


    རྣམ་རིག་བཀྲ་བའི་ལོ་ཆུང་བྱིས་པ་ཚོས། །

    ཚིག་འབྲུ་རེ་རེ་མཛུབ་མོས་འདེད་བཞིན་དུ། །

    སྙན་པའི་ང་རོ་ལྷང་ལྷང་འཐེན་པའི་ཚེ། །

    བྱ་བྱེའུ་རྣམས་ཀྱང་དེ་ལ་ཕྲག་དོག་སྐྱེ། །


    ས་བོན་བཟང་པོའི་མྱུ་གུ་སྣ་ཚོགས་པ། །

    ལེགས་པར་བསྐྱེད་ལ་ཞིང་ས་གཤིན་པོ་བཞིན། །

    བློ་གྲོས་འཇུག་པ་རྒྱས་པའི་ཐབས་ལམ་ལ། །

    ཀློག་པ་ཐོས་བསམ་འདི་ལྷག་ཡོད་རེ་སྐན། །


    ཤུགས་དྲག་རླུང་དམར་ལྡང་བའི་ནམ་མཁའ་ལ། །

    ཆུ་འཛིན་ཕུང་པོ་འཁྲིགས་པའི་སྐབས་མ་མཆིས། །

    དེ་བཞིན་དཔེ་ཀློག་བུ་རམ་མ་ཟོས་པར། །

    མངར་བའི་ལེགས་བཤད་རྙེད་པའི་སྐབས་ཡོད་དམ། །


    འགའ་ཞིག་ལུས་པོ་ངལ་བས་དུབ་ན་ཡང་། །

    ཡི་ག་སྐྱོར་སྦྱངས་སྒེག་མོས་ཀུན་ནས་འཕྲོག །

    འགའ་ཞིག་སྐོམ་པས་མཆུ་ཏོ་བསྐམས་ན་ཡང་། །

    སྤྲོ་བ་ཀློག་འདོན་སྣང་བས་དགུང་དུ་བཏེགས། །


    ངོས་འཇམ་ཤོག་བུའི་གསེབ་ནས་ནག་ཆུང་གི། །

    ཡི་གེའི་ལྷ་མོས་གཡབ་མོ་བྱེད་པ་ན། །

    འདོད་ཡོན་འདམ་ལ་ཚུད་པའི་རྒྱལ་སྲས་ཀྱང་། །

    དགའ་བས་དཔེ་ཀློག་བརྟུལ་ཞུགས་སྤྱོད་ལ་རེམ། །


    གཟིགས་དང་ཕྲ་རགས་ཤེས་བྱའི་གནས་ཀུན་ལ། །

    བརྩོན་སེམས་ཡལ་བ་མེད་པའི་དཔལ་འདི་ནི། །

    བྱ་བྱེའུ་ཚང་ཚིང་ནགས་ན་སྙན་པའི་དབྱངས། །

    ལྷང་ལྷང་སྒྲོག་པའི་དཔལ་ལ་འགྲན་པ་བཞིན། །


    ཡི་གེའི་ཕོ་མོ་མ་ནིང་དག་ཅིང་གསལ། །

    འབྲེལ་ཆགས་བརྗོད་པ་བདེ་བས་ཟློས་སྐྱོན་བྲལ། །

    བརྗོད་བྱའི་དོན་རྣམས་གསལ་བས་ལྡབ་ལྡིབ་མེད། །

    གདངས་དབྱངས་འགྱུར་ཁུག་ལྡན་པས་འཛེར་སྐད་བྲལ། །


    འབབ་ལྡན་ཤང་ཤང་སྒྲོག་པའི་འགྱུར་ཁུག་དང་། །

    བྱ་བྱེའུ་དགའ་བའི་གསུང་སྐད་སྙན་ཞིང་འཇེབས། །

    ཞོགས་པའི་དཔེ་ཀློག་ང་རོའི་དབྱངས་སྙན་པོ། །

    སེམས་ཉིད་ངལ་གསོའི་གཞི་ལ་ལྷག་ཏུ་དགོད། །


    ཀྲུང་ཕྱིའི་རིག་གནས་ཆུ་གཏེར་ཆེན་པོ་ལས། །

    འབྲས་བཟང་ནོར་བུ་ལེན་འདོད་བུ་བུ་མོས། །

    འབྲི་ཀློག་སྐྱ་བ་ལྷོད་མེད་སྒུལ་བཞིན་དུ། །

    སྐད་གསུམ་རྟ་མགོ་མྱུར་བ་མྱུར་བར་ཤར། །


    དངོས་པོ་རེ་ལ་བརྡ་སྐད་མི་འདྲ་རེ། །

    ཚིག་གི་ལྕི་ཡང་སྒྲ་གདངས་མི་འདྲ་རེ། །

    བརྗོད་པའི་ཕྲེང་བར་ངལ་གསོའི་གཅོད་མཚམས་རེ། །

    རྣོ་སྤྲེང་བཞིན་དུ་དབྱངས་སོ་མི་འདྲ་རེ། །


    དཔྱོད་ལྡན་དགྱེས་པའི་སྐྱེས་ཀྱི་མཆོག་གྱུར་པ། །

    ཞོགས་པའི་དཔེ་ཀློག་ངོ་མཚར་དབྱར་གྱི་སྒྲ། །

    ཕྱོགས་དང་མཚམས་ཚིགས་མེད་པར་ཡོངས་ཁྱབ་སྟེ། །

    ཤེས་བྱའི་སྦྲང་ཆར་འཇོ་བའི་དཔལ་དུ་ཤར། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།